སློབ་གསོ་བ་གྲགས་ཅན་གཅན་རོང་བསྟན་འཛིན་ལགས་ཀྱི་དེབ་གསར།
རྩོམ་པ་པོ།:གཅན་རོང་བསྟན་འཛིན།
ཡོང་ཁུངས།:གཅན་རོང་སློབ་གསོའི་འཕྲིན་སྟེགས
དུས་ཚོད།:2021-12-24
ཀློག་གྲངས།:

རང་ཉིད་ལོ་རྒན་དྲུག་ཅུའི་སྟོན་འཇུག་གི་བ་མོའི་རེག་བྱ་དང་འཕྲད་པ་ན་མི་ཚེ་ཕྱིར་དྲན་གྱི་འཕྲོ་འདུ་ཞིག་ལས་སློབ་གསོའི་ཉམས་མྱོང་དང་བསླབ་བྱ་ཟུང་དུ་འདྲེས་པའི་«སློབ་གསོའི་ལེགས་བཤད»ཀྱི་མ་ཕྱི་དེ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་མཛེས་སྡུག་གི་མེ་ཏོག་རྐང་ཞིག་ཏུ་བརྩིས་ཏེ་ཁ་སང་དངོས་སུ་དཔར་དུ་བསྐྲུན་ནས་རྒྱ་ཆེ་བའི་ཀློག་པ་པོ་ར་ཡིག་གཉིས་པའི་ཞིང་སར་བཀྲམས་པ་འདི།རང་གི་སློབ་གསོའི་ཉམས་མྱོང་གི་རྩོམ་ཐུང་ཆིག་སྟོང་དྲུག་བརྒྱ་ལྷག་གི་ཡལ་འདབ་ཀྱིས་གྲུབ་པ་ཡིན་ལ། རྩོམ་ཐུང་རེ་རེར་རྗོད་བྱེད་ཚིག་གི་འདབ་ལོ་ཉུང་ཡང་བརྗོད་བྱ་སློབ་གསོའི་ཆོས་ཉིད་ཀྱི་དོན་གནད་ཟབ་ཅིང་འབུར་དུ་ཐོན་པའི་ཟེའུ་འབྲུས་ཡོངས་སུ་གཏམས་ཡོད།
གཅིག སློབ་གསོའི་མི་ཚེ་ཞིགཕྲན་སློབ་ཆུང་ནས་མཐར་ཕྱིན་པའི་སྐབས་དེར་ཁུལ་རྫོང་ན་ད་དུང་མི་རིགས་སློབ་འབྲིང་གི་མ་ལག་ཆགས་མེད་སྟབས། སློབ་ཆུང་གི་མཐར་ཕྱིན་སློབ་མ་རེ་གཉིས་ཐད་ཀར་མི་རིགས་སློབ་ཆེན་དང་། འབྲིང་རིམ་དགེ་ཐོན་སློབ་གྲྭའམ་ལས་རིགས་ལག་རྩལ་སློབ་གྲྭ་འགྲིམས་ཐུབ་མིན་ཙམ་ཞིག་རེད། སྟབས་ལེགས་པ་ཞིག་ལ ༡༩༧༦ལོར་ཕྲན་སློབ་ཆུང་ནས་མཐར་ཕྱིན་པ་མཐོ་རྒྱུགས་སླར་གསོའི་ཤར་རླུང་དང་འཕྲད་ནས་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་འགྲིམས་པའི་གོ་སྐབས་བྱུང་བ་རེད། སྐབས་དེར་ཆེས་ཐོབ་དཀའ་བའི་གོ་སྐབས་འདིས་ཕྲན་ལ་སློབ་སྦྱོང་གི་གོ་སྐབས་དང་དགེ་ཐོན་སློབ་གསོ་མྱོང་བའི་གོ་སྐབས་ཉིས་འཛོམས་སུ་གནང་བ་ཡིན།
དེ་ནས་མིག་སྡེབ་དབང་ཙམ་ལ་དགེ་ཐོན་སློབ་གྲྭའི་དམའ་འབྲིང་ཚན་ཁག་ནས་མཐར་ཕྱིན་རྗེས། ཀྲུང་དབྱངས་མི་རིགས་སློབ་ཆེན་འགྲིམས་པའི་གོ་སྐབས་ཁྱིམ་ཚང་དཔལ་འབྱོར་གྱིས་མ་ཐེག་ཀྱང་། མུ་མཐུད་དུ་རྨ་དགེ་སློབ་གྲྭའི་འབྲིང་རིམ་དགེ་ཐོན་འཛིན་གྲྭ་འགྲིམས་ཤིང་། སྤྱི་ལོ༡༩༨༢ལོར་སློབ་མཐར་ཕྱིན་རྗེས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བྱས་པ་ནི་མི་ཚེ་འདིའི་སློབ་གསོ་བྱ་བའི་གོམ་པ་ཨང་དང་བོ་ཡིན། དེ་ནས་རྫོང་དམངས་ཆེན་དུ་སློབ་གསོ་ལྟ་སྐུལ་བ་དང་རྫོང་སློབ་གསོ་ཅུའུ་ནས་སློབ་གསོ་དོ་དམ་པ། རྫོང་སྲིད་གཞུང་དུ་སློབ་གསོ་ཇུས་འགོད་པ། ཁུལ་སློབ་གསོ་ཅུའི་སློབ་གསོ་སྣ་འདྲེན་པ་དང་། ཁུལ་ཚན་རྩལ་ཅུའུ་དང་ཁུལ་དབུལ་སྐྱོར་ཅུའུ། ཁུལ་སྲིད་གྲོས་སོགས་ཀྱི་བྱ་བའི་ཁྲོད་ནས་སློབ་སྦྱོང་དང་། སློབ་སྦྱོང་གི་ཁྲོད་ནས་བསམ་གཞིགས། བསམ་གཞིགས་ཀྱི་ཁྲོད་ནས་སྤྱི་བསྡོམས་འཐུས་ཚང་བརྒྱུད་དེ་སྔ་ཕྱིར་ཆེད་རྩོམ་དྲུག་ཅུ་ལྷག་དང་ཆེད་དེབ་བཅུ་གཅིག་དཔར་བསྐྲུན་བྱས་པ་ལས་བརྒྱ་ཆའི་གོ་དགུ་སློབ་གསོ་རྐྱང་རྐྱང་ཡིན་ལ།དེ་རིང་ད་དུང་ངལ་གསོའི་ཆུ་ཚོད་བེད་སྤྱད་དེ་དེབ་གསར་འདི་བྲིས་ནས་དཔར་བསྐྲུན་བྱས་པ་འདིས་སློབ་གསོའི་མི་ཚེ་ཞིག་ཡིན་པ་ཡང་བསྐྱར་གསལ་བཤད་བྱས་ཡོད།
གཉིས། བསམ་གཞིགས་ཀྱི་མི་ཚེ་ཞིག
དགེ་ཐོན་སློབ་གྲྭ་ནས་དགེ་རྒན་དང་དགེ་རྒན་ནས་དགེ་ཐོན་སློབ་ཆེན། དགེ་ཐོན་སློབ་ཆེན་ནས་སླར་ཡང་གཞི་རིམ་ཆེད་ལས་དང་ཟུར་ལས་སློབ་གསོ་སྡེ་ཁག་ཏུ་བྱ་བ་བསྒྲུབས་པ་ནི་ངའི་མི་ཚེའི་བརྒྱུད་རིམ་དང་། སློབ་གསོའི་ལས་གནས་དེ་དག་ཏུ་མཚམས་མ་བཞག་པར་སློབ་གསོའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་བསམ་གཞིགས་བྱས་པ་ནི་ངའི་ཆེས་ཆེ་བའི་མྱོང་རོལ་དང་སྤྲོ་སྐྱིད་ཡིན། ངལ་གསོའི་ཆུ་ཚོད་བེད་སྤྱད་དེ་ད་དུང་ཅིའི་ཕྱིར་སློབ་སྦྱོང་བྱེད་པ་དང་། ཅི་ཞིག་སློབ་སྦྱོང་བྱེད་པ། ནམ་ཞིག་ལ་སློབ་སྦྱོང་བྱེད་པ། ཇི་ལྟར་སློབ་སྦྱོང་བྱེད་པའི་བསམ་གཞིགས་ཀྱི་ཁྲོད་ནས་མྱུ་གུ་འབུས་ཤིང་ཡལ་འདབ་རྒྱས་པའི་དེབ་ཆུང་འདིར་ཡིག་འབྲུ་དགུ་ཁྲི་ཙམ་ལས་མེད་ནའང། བྱིས་པ་ནས་ཁྱིམ་བདག་དང་སློ་གསོ་ཇུས་འགོད་པ་ནས་དགེ་རྒན། ཚོང་དཔོན་ཆེན་མོ་ནས་ཚོང་ཕྲུག མཁས་པ་ཆེན་པོ་ནས་ལུག་རྫི་བྱིས་པ་ཡན་ཆད་ལ་གང་འཚམ་གྱི་སློབ་གསོ་ལག་ལེན་དང་ཐབས་ལམ། དཔེ་ཀློག འཚོ་བ། ཕུགས་བསམ། མི་ཚེ། བདེན་ལུགས། ཤེར་སྙེག དུས་ཚོད་སོགས་ཀྱི་སློབ་གསོའི་ལྡེ་མིག་རེ་རེ་ཕུལ་ཡོད་པ་མ་ཟད། འདིའི་རྩོམ་ཡིག་ཐུང་བ་ཐིག་ཕྲེང་གཅིག་ཙམ་ནས་རིང་བོའང་ཐིག་ཕྲེང་བརྒྱད་དགུ་ཙམ་ལས་མེད་ལ། རྩོམ་ཐུང་དེ་དག་ཁེར་རྐྱང་གི་རྩོམ་ཡིག་རེ་རེ་ཡིན་པས། ལེ་ལོ་ཅན་དང་བྲེལ་འཚུབ་ཅན་གྱི་ཀློག་པ་པོ་ཡང་འཛུམ་མདངས་རྒྱས་ཤིང། མཁྱེན་དཔྱོད་ཅན་དང་ལྷོད་ཆ་ཅན་ལའང་སྤྲོ་སྐྱིད་འཕེལ་བའི་དཔེ་དེབ་ཅིག་ཏུ་འགྱུར་ངེས་ཡིན།

གསུམ། མྱོང་རོལ་གྱི་མི་ཚེ་ཞིག
མི་ཚེ་ནི་མྱོང་རོལ་གྱི་ཞིང་ཁམས་དང་ཉམས་མྱོང་གི་གཏེར་མཛོད་ཆེན་པོ་ཞིག་ཡིན་པས། དེབ་ཆུང་འདི་ཉམས་མྱོང་དང་བསླབ་བྱའི་སྐྱིད་དངསྐྱོ་བའི་དབྱངས་རྟ་རེ་རེ་ནས་དགའ་སྐྱོ་ཟུང་དུ་འདྲེས་པའི་མྱོང་རོལ་གྱི་འགྱུར་ཁུག་ངོ་མ་རེ་རེ་ཡིན། ཉམས་མྱོང་དང་བསླབ་བྱའི་རོལ་དབྱངས་ཀྱི་ཁྲོད་ནས་སྤྱི་ཚོགས་སློབ་གསོ་དང་། ཁྱིམ་ཚང་སློབ་གསོ། སློབ་གྲྭའི་སློབ་གསོའི་འགྱུར་ཁུག་རེ་རེ་གསལ་ལྷང་ལྷང་གིས་ཁྱེད་ཅག་གི་སྙན་ལམ་དུ་ཕུལ་ཡོད་པ་ཀློག་པ་པོ་རྣམས་ཀྱི་དབྱངས་རྟའི་མྱོང་རོལ་དང་ཚོར་བའི་རྣོ་བུལ། བསམ་གཞིགས་ཀྱི་གོམས་གཤིས་འདྲ་མིན་ལས་ཕན་འབྲས་འདྲ་མིན་རེ་འབྱུང་བར་ཡིད་ཆེས་ཡོད་ལ། མ་མཐའ་ཡང་གཞི་རིམ་སློབ་གསོའི་ཁྲོད་ན་སློབ་གསོའི་གཏམ་རྒྱུད་དང་། སློབ་ཁྲིད་ཀྱི་གཏམ་རྒྱུད། སློབ་ཞིབ་སློབ་དཔྱོད་ཀྱི་གཏམ་རྒྱུད་ཡིད་འཕྲོག་པ་ཤིན་ཏུ་མང་བོ་ཞིག་ཡོད་པ་ཡིག་ཐོག་ཏུ་བཀོད་པ་ཉིན་མོའི་སྐར་མ་ལྟར་དཀོན་པས་དེའི་དྲན་སྐུལ་ཅིག་ཏུ་གྱུར་ནའང་ཅི་མ་རུང་སྙམ་པའི་ཀུན་སློང་གིས་བྲིས་ནས་གྲོགས་པོ་ཚོར་ཕུལ་བ་ཡིན་ནོ།།
འབྲེལ་ཡོད་འོས་སྦྱོར།