logo

བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་པར་དུ་བསྐྲུན་པ།

རྩོམ་པ་པོ།:བདུད་ལྷ་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-01-11 ཀློག་གྲངས།:
«བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས»ཀྱི་མགོ་བརྗོད།
བདུད་ལྷ་རྒྱལ།

        དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་བའི་ནང་སློབ་གྲྭ་ཆེན་མོར་ཞུགས་པ་དེས། བདག་གི་ཤེས་བྱའི་སྒྲིག་གཞི་དང་བསམ་བློའི་ལྟ་གྲུབ་ལ་འགྱུར་བ་ཆེན་པོ་བཟོས་སོང་། ལོ་རབས་བརྒྱད་བཅུ་བ་དེ་ཐོག་མར་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོའི་དུས་ཚོད་ཅིག་ཡིན་པས། མཐོ་འབྲིང་ནས་བཟུང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཤེས་འདོད་ཀྱི་འདུན་པ་ཆེན་པོ་ལངས་ཤིང་། དེ་མཚུངས་ཀྱི་སྦྱང་བརྩོན་ནུས་ཚོད་ཅིག་ཟམ་མ་ཆད་པར་བྱས། 1986ལོར་སློབ་ཆེན་དུ་ཞུགས་དུས་སུའང་དེ་འདྲའི་མོས་བློའི་སྒོ་ནས་རང་གི་ཐོག་མའི་བསམ་འདུན་འདིའི་རྒྱུན་བསྐྱངས།
        ཀྲུང་གོའི་ལོ་རབས་བརྒྱད་བཅུ་བའི་རིག་གནས་ཀྱི་ཁོར་ཡུག་ནི་རྩོམ་རིག་དང་མཚན་ཉིད་རིག་པ་ཤིན་ཏུ་དར་ཁྱབ་ཆེ་ཞིང་། དེའི་སྒོ་ནས་ལྟ་གྲུབ་གསར་བ་ཞིག་བཏོན་ཏེ་མིའི་བློ་སྲོལ་རྒྱུན་ལས་གྲོལ་བར་བྱེད་པའི་བློ་འབྱེད་ཀྱི་དུས་རབས་ཤིག་ཀྱང་ཡིན་པས། གྲོང་ཁྱེར་ལན་གྲུ་ན་སྡོད་པའི་ང་ལ་ཤན་ཤུགས་མི་ཐེབས་པ་མི་སྲིད། ཐོག་མའི་དུས་སུ་རྒྱ་ཡིག་གི་ཆུ་ཚན་ཞན་པས་རིག་གནས་གསར་བའི་ནང་དུ་ཞུགས་དཀའ་ཡང་། དུས་རབས་ཀྱི་ཁོར་ཡུག་ཆེན་པོའི་སྟོབས་ཀྱིས་ཕལ་ཆེར་ལོ་རིམ་གཉིས་པ་ནས་རྩོམ་རིག་དང་མཚན་ཉིད་རིག་པའི་རྦབ་ཀློང་དེའི་ཁྲོད་དུ་ཞུགས་མགོ་བརྩམས་སོང་།
        ཕྱིར་བལྟས་ཤིག་བྱས་ན། སྤྱིར་རང་ཉིད་ཀྱི་མི་གཞི་ནི་་ཇོ་བཟང་གི་བརྟུལ་ཞུགས་འཛིན་པ་་ཞིག་ཡིན་པས། སྲོལ་རྒྱུན་ལ་རྒོལ་བའི་ལྟ་གྲུབ་དེ་ང་ལ་འཚམས་པོ་ཞིག་མིན་པར་འདྲ། ད་ལྟ་ཡང་ངས་དེ་ལྟར་བསམ་པ་ཡིན།ཡིན་ཡང་། རྩོམ་རིག་གསར་བ་དེའི་འདི་སྣང་གི་དོ་ཁུར་དང་།མ ཐོང་ཆོས་ལ་བཅར་བ། མི་བུའི་ཚེ་སྲོག་གི་མྱོང་རྟོག་གི་རྗེས་འབྲང་བ་བཅས་ཀྱི་མཛེས་པས་དེ་ཡི་རྗེས་སུ་ཞུགས་པ་ལ་ལྡོག་མེད་ཀྱི་འདྲེན་ཤུགས་ཤིག་མཆིས། རྩོམ་རིག་གསར་བ་དེ་མཚོན་ཐབས་དང་བསམ་བློ་སོགས་གང་ཐད་ནས་རིག་པ་གསར་བ་དང་རྣམ་པར་རྟོག་སྟངས་གསར་བ་ཞིག་ཡིན་པས། ཐོག་མའི་དུས་སུ་དེ་ལ་འཇུག་བདེ་བོ་མ་རེད། དེ་བས། སྐབས་དེར་རྩོམ་རིག་བརྩམས་ཆོས་དང་དཔྱད་བརྗོད་སྦྲགས་མའི་དཔེ་དེབ་དང་ཡིག་ཆ་ནི་བདག་གི་རྩོམ་རིག་གི་འཇུག་ངོགས་སུ་གྱུར་ཏེ། མཐོང་བའི་མོད་ལ་འབྲལ་དཀའ་བའི་ཚོད་དུ་འདུག དུས་དེབ«作品与争鸣»དང«名作欣赏»ལྟ་བུ་དང་། སྙན་ངག་གི་ཕྲན་བཤད་ཡོད་པའི་དཔེ་ཆ་ལྟ་བུ་ནི་སྐབས་དེའི་རྩོམ་རིག་གི་བློ་སྒོ་འབྱེད་བྱེད་ཀྱི་དཔེ་དེབ་ཡིན།
        བརྩམས་ཆོས་གང་ཞིག་ལ་དཔྱད་བརྗོད་ལ་འཁེན་ནས་གོ་བ་ལོན་དུས་རེ་རེར། སེམས་ཁོང་དུ་དགའ་ཚོར་ཆེན་པོ་སྐྱེས་ལ། རང་བློས་དཔག་པའི་གོ་བ་དང་དཔྱད་བརྗོད་ཀྱི་འགྲེལ་ལུགས་གཉིས་ཐོད་ཐུག་དུས་ན་དེ་ལས་ལྷག་པའི་དགའ་ཚོར་སྐྱེ་ཡོང་། ཡང་རང་ལ་གོ་བ་ཅུང་ཡང་མི་སྐྱེ་ཞིང་། དཔྱད་བརྗོད་ལ་མ་བརྟེན་དུས་མུན་ནག་མགོ་འཁོར་ཡིན་དུས་ཀྱང་མང་བོ་ཡིན་པས། ཡིད་མུག་དང་བློ་ཕམ་ལའང་རྫོགས་མཐའ་མེད། དེ་ལྟར་དུ་ལོ་ངོ་དུ་མ་ཞིག་གི་སྦྱང་བ་བརྒྱུད་ནས་རང་གིས་ཀྱང་དཔྱད་བརྗོད་འབྲི་བའི་མགོ་བརྩམས། བདག་གི་ཐོག་མའི་རྩོམ་རིག་དཔྱད་རྩོམ་ནི«སྙན་ངག་གི་གོ་དོན་དང་འབྲེལ་ཏེ་སྐབས་སོ་སོའི་སྙན་ངག་གི་གོ་དོན་ལ་དཔྱད་པ»ཞེས་པ་དེ་ཡིན། དེ་«སྦྲང་ཆར»1993ལོའི་དེབ་བཞི་བའི་སྟེང་བཀོད། དེའི་རྗེས་ནས་ཞིབ་འཇུག་རབ་འབྱམས་པ་བཏོན་ཏེ་འབྲས་རྟགས་སུ«སྙན་ངག་གསར་རྙིང་གི་ཐོག་མའི་གཤིབ་བསྡུར»ཞེས་པ་བྲིས་ཤིང་། «གངས་རྒྱན་མེ་ཏོག»1995ལོའི་དེབ་བཞི་བ་ནས1997ལོའི་དེབ་དང་བོའི་བར་དུ་མུ་འགོད་བྱས།
        ཕྱིར་བལྟས་ཤིག་བྱས་ན། ཐོག་མའི་སྐབས་སུ་གཙོ་བོ་སྙན་ངག་དཔྱད་གཞིར་བཟུང་ཡོད་པ་རེད། འདི་ནི་ལོ་རབས་བརྒྱད་བཅུ་བའི་ནང་ཀྲུང་གོའི་འཛིན་མ་ཡོངས་ལ་སྙན་ངག་དར་ཁྱབ་ཆེ་བའི་ངང་ཤུགས་ཀྱི་འབྲས་བུ་ཞིག་རེད། ད་ལྟ་ནི་བརྩམས་སྒྲུང་གི་ཞིབ་འཇུག་གཙོར་བཟུང་ཡོད། ཕལ་ཆེར2001ལོ་ནས་བརྩམས་སྒྲུང་ཞིབ་འཇུག་གི་ཕྱོགས་སུ་འཁོར་བ་འདྲ། དེ་ནི་གཅིག་ནས་ལོ་རབས་བརྒྱད་བཅུ་བའི་ནང་བོད་ཀྱི་གཙོ་རྒྱུགས་ཀྱི་རྩོམ་ལུས་སྙན་ངག་ཡིན་པ་དང་། རིམ་གྱི་བརྩམས་སྒྲུང་གིས་གཙོ་རྒྱུགས་ཀྱི་གོ་ས་བཟུང་བ་དང་འབྲེལ་བ་ཡོད་ལ། གཉིས་ནས། དེ་ཡང་ང་རང་ལ་སྦྱར་ན་ངེས་པ་མེད་དེ། དུས་རབས་ཉེར་གཅིག་པའི་མགོར་བོད་ཀྱི་སྙན་ངག་གི་བསྟན་པ་སྔར་བཞིན་དར་བཞིན་པས་ན། དྲང་མོར་བཤད་ན་གཙོ་བོ་ནི། སྙན་ངག་ནི་ཁ་དམ་པོ་ཡིན་པས་ལོག་བཤད་དང་ཉེས་བཤད་དུ་འགྲོ་ཉེན་ཆེ་ལ། ལྷག་པར་དུ་བོད་དར་སྙན་ངག་གསར་བ་ལ་གཡོ་སྒྱུ་བྱེད་ས་འགྲོ་བས། རྩོམ་གང་ལ་སྐྱོན་བརྗོད་ཚེ་རྩོམ་པ་པོས་ཁྱོད་ཀྱིས་གོ་བ་མ་ལོན་ནོཡོན་ཏན་བརྗོད་པ་ལ་དེ་འདྲ་མི་ཟེརཞེས་ཉེས་འགེབ་བྱེད་ས་འགྲོ་བ་འདི་རྐྱེན་གཙོ་བོ་ཡིན་ངེས། བརྩམས་སྒྲུང་ནི་དེ་ལྟར་མ་ཡིན་པར་རྩོམ་པ་པོ་དང་དཔྱད་བརྗོད་པའི་བར་དུ་ཀློག་པ་པོ་དཔང་བོར་འགྲོ་ཆོག་པ་ཡིན།
        རྩོམ་རིག་དཔྱད་བརྗོད་བྲིས་ནས་ད་བར་དུ་མི་ལོ་ཉེར་བརྒྱད་འགོར་སོང་། འདིའི་ནང་དུ་བརྩམས་ཆོས་ལ་ཐད་ཀར་དཔྱད་བརྗོད་བྱས་པ་ཡོད་ལ། གཞུང་ལུགས་དང་ལོ་རྒྱུས་ཐད་ནས་དཔྱད་པ་བཏང་བའང་ཡོད། ད་དུང་རྩོམ་རིག་དང་བསམ་བློ་སྦྲགས་ཏེ་བསམ་བློའི་རང་བཞིན་ཅན་གྱི་དཔྱད་བརྗོད་ཀྱང་འདུག 2004ལོར་དེའི་ཡན་གྱི་དཔྱད་བརྗོད་ཕྱོགས་བསྒྲིགས་བྱས་ཏེ«འཚོལ་རྟོག་སྙིང་སྟོབས»དཔར་དུ་བཏབ་པ་ཡིན་ལ། དཔེ་ཆ་དེ་ད་ལྟ་མེད་ཚོད་དུ་སྣང་། དཔེ་ཆའི་དེའི་ཐད་ནས་འདྲི་བརྩད་བྱེད་མཁན་རེ་འགའ་ནམ་ཡང་འབྱུང་བས། ང་ལའང་ཡང་བསྐྱར་དཔར་འདོད་ཀྱི་འདུན་པ་སྐྱེས་མྱོང་། ན་ནིང་ལོ་སྨད་ཙམ་ལ་བདག་གི་སློབ་གྲོགས། དཔེ་སྐྲུན་ཁང་གི་མགོ་བ་བཀྲ་ཤིས་དོན་གྲུབ་ལགས་ལན་གྲུར་སློབ་གྲྭ་ཚུགས་སྟོན་དུ་ཕེབས་ཐེངས་དེར། ཁ་བརྡའི་མཚམས་ནས་བདག་གི་དཔེ་ཆ་ཞིག་དཔེ་སྐྲུན་བྱེད་རྒྱུར་ཁ་འཆམ་བྱུང་བར། བདག་ལ་བྲིས་ཟིན་གྱི་དཔེ་ཆ་མེད་པས།དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་དཔར་དུ་བསྐྲུན་རྒྱུ་བྱས།
        ད་ཐེངས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ནང་། དཔེ་དེབ་ལ་གཅིག་གྱུར་རང་བཞིན་ཡོང་ཕྱིར་དང་།སྔ་མའི་དཔྱད་རྩོམ་ལ་འདོར་ལེན་ཀྱང་བྱེད་ཁག་པས། ད་བར་གྱི་བརྩམས་ཆོས་བྱེ་བྲག་པའི་དཔྱད་བརྗོད་དག་ཕྱོགས་བསྒྲིགས་བྱས་ནས་དཔར་དུ་བསྐྲུན་པ་ཡིན། མི་གང་ཞིག་གི་མི་ལོ་སུམ་ཅུར་ཉེ་བའི་རྩོམ་ལ་འགྱུར་བ་མེད་པ་མི་སྲིད། འགྱུར་བ་གཞན་དག་བདག་གིས་མི་ཤེས་ཀྱང་། རྩོམ་གྱི་སྐད་ཆ་ལ་འགྱུར་བ་བྱུང་བ་བདག་གིས་ཀྱང་གསལ་བར་ཤེས། དེ་ལ་གྲོགས་པོ་ལ་ལས་གོ་དཀའ་བ་ཟེར། རེད་དེ། ཐོག་མའི་རྩོམ་དག་གི་སྐད་ཆ་གོ་སླ་ལ། ཕྱི་རྩོམ་དག་གི་སྐད་ཆ་གོ་ཇེ་དཀའ་རེད། འདི་ལོ་གསུམ་བཞི་སྔོན་ནས་ངས་ཚོར་བྱུང་ལ། ཞིབ་འཇུག་སློབ་མའི་སློབ་ཁྲིད་ཅིག་ཏུ་བཤད་ཡང་མྱོང་། འདི་ནི་རྩ་བའི་ཆ་ནས་མང་ཚོགས་རང་བཞིན་དང་ཆེད་ལས་རང་བཞིན་བར་གྱི་འགལ་བ་ཞིག་རེད།
        ལོ་འདི་འགའི་རིང་གཞན་རིགས་ཀྱི་དཔྱད་རྩོམ་ཀློག་པའི་ཁྲོད་ནས། སྤྱི་མཚན་གྱི་བརྡ་ཆད་དང་། རིག་གཞུང་གི་བརྡ་ཆད་ཆེད་ལས་ཅན་བེད་སྤྱོད་བྱས་པ་ལས་གཞུང་གི་ཁོག་དབུབས་ཚད་དང་། ཡང་དག་རང་བཞིན་དང་ཞིབ་ཆ་རང་བཞིན་སོགས་ལ་ཡིད་སྨོན་འཆོར་བས་ན། དེ་ལྟའི་འབྲི་སྟངས་དེ་བདག་གིས་མ་དཔེ་རུ་བཟུང་བ་ཡིན། དེ་བས། ཡུལ་ཅན་རང་བཞིན་ཟེར་བའམ། མཛེས་རྟོག་དེང་རབས་རང་བཞིན་ཟེར་བ་ལྟ་བུའི་ལྐོག་གྱུར་དང་སྤྱི་མཚན་གྱི་ཐ་སྙད་གང་མང་ཞིག་བེད་སྤྱོད་བཏང་བ་དང་། གསལ་བཤད་མང་བོ་མེད་པའི་དོན་བསྡུ་ཡི་རྩོམ་གཤིས་ཤིག་ལ་རེ་སྙེགས་བྱས་པ་ཡིན། ཡིན་ན་ཡང་། བོད་ཀྱི་རྩོམ་རིག་ཟབ་སར་ད་དུང་ཕྱིན་མེད་པ་དང་། སྒོས་སུ་མཚན་ཉིད་རིག་པ་དང་བཅས་པའི་གཞུང་ལུགས་ལ་འབྲེལ་འདྲིས་ཡོད་མཁན་ད་དུང་ཉུང་བས། རིག་གཞུང་རང་བཞིན་འབུར་དུ་དོད་པའི་བདག་གི་རྩོམ་གཤིས་འདི་འདྲ་བོད་མི་བྱིངས་དང་བར་ཐག་གིས་བཀྱེད་ཡོད་པ་རེད། ཡང་རང་གིས་དཔྱད་རྩོམ་འབྲི་བའི་དམིགས་ཡུལ་གཞན་ལ་ཕན་འགྱུར་དང་གཞན་ལ་གོ་བར་བྱེད་པ་ཡིན་པས། འགལ་བ་འདི་ད་ལྟ་བདག་གི་སེམས་ཁོང་གི་མདུད་པ་ཞིག་ཏུ་གྱུར་ཡོད།
        སྤྱིར་ན་ཆེད་ལས་ནི་ཆེད་དུ་སྦྱངས་མཁན་གྱི་ལས་ཤིག་ཡིན་པས་ཁོའི་གོ་རྟོགས་དེ་ཁྱབ་ཁོངས་ཆུང་ཆུང་ཞིག་གིས་གོ་ཐུབ་པ་ལས། གཞན་བྱིངས་ཀྱིས་གོ་མི་ཐུབ་ཆོས་ཉིད་ཡིན། ཡིན་ན་ཡང་རྩོམ་གང་ལ་ཀློག་པ་པོ་རེ་གཉིས་ཤིག་མ་གཏོགས་མེད་དུས་རྩོམ་བྲིས་པ་ལའང་དགོས་པ་ཆེན་པོ་མི་འདུག འདིའི་བར་མཚམས་ཤིག་ནས་ཆེད་ལས་རང་བཞིན་མངོན་ལ་གཏིང་ཡང་ཟབ་པ། ཡང་མང་ཤོས་ཀྱིས་གོ་བར་ཡང་འགྱུར་བ་དེ་འདྲའི་རྩོམ་གཤིས་དེ་ད་ལྟའི་ང་ཚོའི་མི་རིགས་དང་འཚམས་པས། ད་ནི་དེ་ལྟའི་རྩོམ་གཤིས་ཤིག་ལ་འཚོལ་རྟོག་བྱ་དགོས་སྙམ་ནས་ཡོད། འདི་ནི་ད་ལྟར་ངས་བརྗོད་འདོད་ཀྱི་སྐད་ཆ་ཞིག་ཡིན་པས། འདིར་ངག་ནས་ཐལ་བར་གྱུར་སོང་། མཐར་དཔེ་ཆའི་དཔར་བསྐྲུན་གྱི་ལས་ལ་མགོ་སྡུད་བྱེད་པའི་སློབ་གྲོགས་བཀྲ་ཤིས་དོན་གྲུབ་ལགས་དང་། ཡི་གེ་ཕབ་བསྒྱུར་སོགས་ཀྱི་ཐད་ལ་འཁུར་འཁྱེར་གཙང་མ་བྱས་པའི་སློབ་བུ་ལྕགས་མོ་བྱམས་ལགས་བཅས་འབྲེལ་ཡོད་ཀུན་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།
2021ལོའི་ཟླ9བའི་ཚེས6ཉིན་ལན་གྲུ་ནས་སྦྱར་བའོ།།
        བདུད་ལྷ་རྒྱལ། བོད་རིགས། འབུམ་རམས་པ་དང་། དགེ་རྒན་ཆེན་མོ། 1965ལོར་མཚོ་སྔོན་རེབ་གོང་གླིང་རྒྱལ་དུ་སྐྱེས། 1976ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་རུ་ཞུགས་ཤིང་། 1982ལོར་སློབ་གྲྭ་མཐར་ཕྱིན་རྗེས་རེབ་གོང་དཔོན་རི་སྡེ་བར་དགེ་རྒན་བྱས། 1986ལོར་ནུབ་བྱང་མི་རིགས་སློབ་གྲྭའི་གྲངས་ཉུང་མི་རིགས་སྡེ་ཁག་ཏུ་སློབ་གཉེར་དུ་ཕྱིན། ལོ་རབས་བརྒྱད་བཅུ་བ་ནི་ཀྲུང་གོ་རྒྱལ་ཁབ་སྤྱི་ལ་མཚོན་ན་རིག་གནས་ཀྱི་མཁའ་དབུགས་ཤིན་ཏུ་སྟུག་ཅིང་བསམ་བློའི་འཆར་སྒོ་དྲག་ཏུ་རྒོད་པའི་དུས་རབས་ཤིག་ཡིན་པས། དུས་རབས་འདིས་ཤུགས་རྐྱེན་གྱིས་བོད་ཀྱི་རིག་གནས་ལས་གཞན་དུ་གྱུར་བའི་རིག་གནས་གསར་པར་བློ་ཁ་ཆེས་ཆེར་ཕྱོགས། 
        1990ལོར་སློབ་མཐར་ཕྱིན་ནས་སློབ་གྲྭ་རུ་དགེ་རྒན་དུ་བསྐྱུར། 1992ལོར་སློབ་གྲྭ་དེའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང༌། རབ་འབྱམས་པའི་དམ་བཅའི་དཔྱད་རྩོམ་ལ«སྙན་ངག་གསར་རྙིང་གཉིས་ཀྱི་ཐོག་མའི་གཤིབ་བསྡུར»ཞེས་པ་བྲིས། 1997ལོའི་སྟོན་ཁ་ནས1998ལོའི་སྟོན་ཁ་བར་པེ་ཅིན་དགེ་འོས་སློབ་གྲྭ་ཆེན་མོའི་ཀྲུང་ཡིག་སྡེ་ཁག་རུ་བཅར་འདྲི་མཁས་པའི་མིང་ཐོག་ནས་ཟབ་སྦྱོང་དུ་ཞུགས། 2005ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་རྩོམ་རིག་གི་འབུམ་རམས་པར་རྒྱུགས་འཕྲོད། 2009ལོར«བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ»ཅེས་པའི་དཔྱད་རྩོམ་བྲིས་ཏེ་འབུམ་རམས་པའི་དམ་བཅའ་བཞག
        སློབ་གྲྭ་ཆེན་མོའི་དགེ་རྒན་བྱས་པ་ནས་ད་རེག་བར་གྱི་ཆེད་ལས་ནི་སྤྱིར་གཅིག་སྡུད་ཅན་ཞིག་ཡིན་ཏེ། གཙོ་བོ་རྩོམ་རིག་དོན་དུ་གཉེར། འདིའི་ཕྱོགས་ཀྱི་དཔྱད་རྩོམ་ཕལ་ཆེར50ལྷག་སྤེལ་མྱོང་ཞིང༌། སྔ་མའི་དཔྱད་རྩོམ་དག«འཚོལ་རྟོག་སྙིང་སྟོབས»སུ་བསྡུས་ཏེ་དཔར་ཏུ་བཏབ། «བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ»ཞེས་པའི་བསླབ་དེབ་གཅིག་སྒྲིག་རྩོམ་བྱས། བསྒྱུར་རྩོམ་ལ«ཏུའུ་ཝེ་ནས་སློབ་གསོ་གླེང་བ»དང༌། «ཕའེ་གུན་ནས་མི་ཚེ་གླེང་བ»གཉིས་དང༌། «ན་གཞོན་རབ་བྱེད»ཅེས་པའི་དེབ་ཅིག་བསྒྱུར་སྒྲིག་བྱས། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ལས་གཞི་གཅིག་ལ་མགོ་སྡུད་བྱས་ཤིང་། སྦྲང་ཆར་རྩོམ་རིག་དཔྱད་བརྗོད་བྱ་དགའ་དང་། གངས་རྒྱན་མེ་ཏོག་རྩོམ་རིག་དཔྱད་བརྗོད་བྱ་དགའ། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་རིག་དཔྱད་བརྗོད་བྱ་དགའ་ཐོབ་མྱོང་། ད་དུང་སློབ་གྲྭའི་བདག་ཆེས་དགའ་བའི་དགེ་རྒན་ཞེས་པའི་བྱ་དགའ་ཡང་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།