logo

གནའ་རབས་ཡིག་ཚཊ་དང་ཏུན་ཧོང་ཆོས་གཞུང་གཅེས་བསྡུས་ཅེས་པའི་དེབ་གཉིས་པར་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2022-02-21 ཀློག་གྲངས།:
        རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྙན་ལམ་དུ་ཞུ་གསོལ། ཉེ་ཆར། གནའ་རབས་དཔེ་རྙིང་ཡིག་ཚགསཔོད༡དང་ཏུན་ཧོང་ཆོས་གཞུང་གཅེས་བསྡུསཔོད༢༣༤༥བཅས་པོད་ལྔ་ཡི་བདག་ཉིད་ཅན་གྱི་སྤུས་ལེགས་ཀྱི་དེབ་ཚོགས་འདི་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
གནའ་རབས་དཔེ་རྙིང་ཡིག་ཚགས།༼པོད༡༽
        དེབ་འདིར་གསང་འདུས་ཀྱི་དཔེ་སྣ་མི་འདྲ་བ་བདུན་ཙམ་བཞུགས་ཡོད་དེ། དང་པོ་ནི། ཏུན་ཧོང་ཡིག་རྙིང་ནང་བཞུགས་པའི་གསང་འདུས་ཀྱི་དཔེ་སྟེ། འགྱུར་བྱང་མི་བཞུགས་མོད། ཕལ་ཆེར་སྔ་འགྱུར་སྐབས་ཀྱི་ལོ་ཙཱ་བ་ལྕེ་བཀྲ་ཤིས་ཀྱིས་བསྒྱུར་བ་དེ་ཡིན་པར་སེམས་ཤིང་། ཁྲི་སྲོང་གི་སྐུ་དུས་སུ་བསྒྱུར་བ་རྣམས་ལ་སྐད་གཉིས་ཤན་སྦྱར་དང་འགྱུར་བྱང་སོགས་བཀོད་མེད་པ་མང་བར་བཤད་པ་དང་ཡང་མཐུན་པས་སོ།། གཉིས་པ་ནི། རྙིང་རྒྱུད་ཁྲོད་ན་བཞུགས་པའི་གསང་འདུས་ཀྱི་དཔེ་སྟེ། འགྱུར་བྱང་དུ། རྒྱ་གར་ཀྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའོ།། ཞེས་དང་། ཡང་དེའི་རྒྱུད་ཕྱི་མའི་འགྱུར་བྱང་ལས། རྒྱ་གར་གྱི་མཁན་པོ་སངས་རྒྱས་གསང་བ་དང་། འབྲོག་མི་དཔལ་ཀྱི་ཡེ་ཤེས་ཀྱིས་བསྒྱུར་བའོ།། ཞེས་བཀོད་འདུག་པ་དེའོ།། གསུམ་པ་ནི། རྒྱལ་རྩེའི་ཐེམ་སྤངས་མའི་ནང་དུ་བཞུགས་པའི་དཔེ་སྟེ། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤྲདྡྷཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལ། སླད་ནས་འགོས་ལོ་ཙཱ་བ་ལྷས་བཙས་ཀྱིས་འགྱུར་བཅོས་བྱས་ཞེས་བཀོད་ཡོད་པ་དེའོ།། བཞི་པ་ནི། དེང་སང་བཀའ་འགྱུར་ཕལ་མོ་ཆེ་ལས་བྱུང་བའི་དཔེ་སྟེ། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤྲདྡྷཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བ་ལ།  སླད་ནས་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་འགྱུར་བཅོས་བྱས་པ་སྟེ། ཞིབ་བསྡུར་བྱས་ཚེ་གོང་གི་འགོས་ཀྱིས་འགྱུར་བཅོས་བྱས་པ་དང་འདི་གཉིས་བར་ཁྱད་པར་ཆེ་ཙམ་སྣང་བས་དཔྱད་གཞིའི་ཆེད་དུ་མཁོ་བར་བསམ་ནས་གཉིས་ཀ་སོ་སོར་བཀོད་ཡོད་དོ།།
        དེ་མིན་ལེགས་སྦྱར་གྱི་ཡི་གེའི་ཐོག་ཡོད་པའི་གསང་འདུས་ཀྱི་རྒྱ་དཔེ་ལེའུ་བཅོ་བརྒྱད་པའི་བདག་ཉིད་ཅན་དེ་ནི་དབྱིན་ཇིའི་དཔེ་མཛོད་ཁང་ཆེན་མོར་བཞུགས་པའི་དཔེ་རྙིང་གི་འདྲ་བཤུས་ཡིན། རྒྱ་དཔེ་གཞན་པ་དེ་ནི་དུས་རབས་༡༧ནས་༢༠བར་ཙམ་ལ་འབྲི་བཞེངས་བྱས་པ་ཡིན་ཚོད་འདུག་ལ། ད་ལྟ་ནེེ་པཱ་ལའི་ལ་ལིཏ་ཐི་ཕོར་ས་ཁུལ་གྱི་ཡིག་ཚགས་ཁང་ན་བཞུགས་ཡོད། གཞན་རྒྱ་ནག་གི་བཀའ་བསྟན་དུ་བཞུགས་པའི་གསང་བ་འདུས་པ་དེ་ནི་སུང་བྱང་མའི་སྐབས་བཞེངས་པའི་རྒྱ་ནག་གི་ལོ་རྒྱུས་སྟེང་ཐོག་མའི་ཤིང་པར་དུ་གྲགས་པའི་བཀའ་བསྟན་ལས་བྱུང་བའི་དཔེ་དེ་ཡིན་པར་གཏན་ཁེལ་བྱས་སྟབས་རྒྱལ་ཡོངས་ཀྱི་རིན་ཐང་ཆེ་བའི་རྩ་ཆེའི་ཁྱད་ནོར་བཞིའི་གྲས་སུ་བཞག་ནས་དེང་སང་པེ་ཅིང་གི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཡོད་པ་བཅས་སོ།།
ཏུན་ཧོང་ཆོས་གཞུང་གཅེས་བསྡུས།༼པོད༢༣༤༥༽
        ད་ལྟ་རང་རེའི་བཀའ་བསྟན་ནང་དུ་བཞུགས་པའི་དཔེ་རྣམས་ཀྱི་འགྱུར་བྱང་ནང་སྔ་འགྱུར་གྱི་ལོ་ཙཱ་བ་རྣམས་ཀྱི་མཚན་འཁོད་ཡོད་པ་དེ་ཚོའི་རིགས་རྣམས་སྐབས་དེའི་འགྱུར་གང་བཟང་བཟང་རྣམས་ལས་བདམས་བཀོད་བྱས་པ་ཞིག་ཡིན་ཚོད་འདུག་མོད། མ་གཞི་བཙན་པོའི་རྒྱལ་རབས་སྐབས་སུ་གཞུང་གཅིག་ལའང་འགྱུར་སྣ་འདྲ་དང་མི་འདྲ་མང་པོ་ཞིག་བདོག་པ་དང་། དེ་དག་ཀུན་ཀྱང་སྣ་མང་མེ་ཏོག་ལྷན་བཞད་ཀྱི་ཚུལ་དུ་ཚང་མ་མཉམ་དུ་གནས་པའི་དུས་སྐབས་ཤིག་བྱུང་བ་ནི་མི་ལོ་སྟོང་ཕྲག་གཅིག་གི་ཡར་སྔོན་ཐུ་བྷོད་བཙན་པོའི་རྒྱལ་རབས་སྐབས་བྲིས་པའི་ཏུན་ཧོང་གི་དཔེ་རྙིང་དག་ལས་ཤེས་ཐུབ་པ་ཞིག་རེད།
        དེབ་ཚོགས་འདིར་དུས་རབས་གསར་བའི་བློ་གསལ་དོན་གཉེར་ཅན་རྣམས་ཀྱིས་འགྱུར་གྱི་གོ་ཐོབ་མི་འདྲ་བ་ལས་བྱུང་བའི་དཔྱོད་ཞིབ་ཀྱི་ཁུངས་སྣེ་གསར་བའི་རིགས་རྙེད་པའི་རྒྱུ་ཆར་དམིགས་ནས། ཏུན་ཧོང་ཡིག་ཚང་ནང་བཞུགས་པའི་ཆོས་གཞུང་གཅིག་ལ་འགྱུར་འདྲ་མིན་མང་དུ་མཆིས་པ་དེ་ཚོའི་ཁྲོད་ནས། བོད་མི་བྱིངས་ལ་རྒྱུས་མངའ་ཆེ་བའི་ཆོས་སྤྱོད་ཞལ་འདོན་གྱི་རིགས་སུ་གཏོགས་པ་ཤེས་རབ་སྙིང་པོ་དང་། མདོ་སྡུད་པ། བཟང་སྤྱོད། ཚེ་མདོ། རྣམ་འཇོམས་དང་དེ་དག་གི་འགྲེལ་བ་ཁ་ཤས་དང་། ཁ་སྐོང་ཐོར་བུ་པ། དེ་མིན་གཞན་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ། འཕགས་པ་དཀོན་མཆོག་བརྩེགས་པ་སོགས་མདོ་སྡེ་ཆེ་གྲས་ཀྱི་རིགས་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ། སཱ་ལུ་ལྗང་པའི་མདོ། བློ་གྲོས་མི་ཟད་པའི་མདོ། དགོངས་པ་ངེས་པར་འགྲེལ་པའི་མདོ། གསེར་འོད་དམ་པ། གཙུག་ཏོར་གདུག་དཀར་མོ། སྟོབས་པོ་ཆེ། གནམ་ས་སྣང་བརྒྱད་སོགས་བཀོད་ཡོད་པ་མ་ཟད། ད་ལྟ་དཔེ་རྒྱུན་ཆད་ནས་རང་རེའི་མཐོང་ལམ་དུ་གྱུར་པའི་བཀའ་བསྟན་དཔར་མ་རྣམས་ཀྱི་གྲས་སུའང་ཕལ་ཆར་ཚུད་མེད་པ་ལ་དཔེར་ན། སྣང་བ་བསམ་དུ་མེད་པ་ཞེས་བྱ་བའི་མདོ། འཕགས་པ་གླང་པོ་དང་མཚུངས་པའི་མདོ། གཙུག་ཏོར་ཆེན་པོ་བམ་པོ་བརྒྱད་པ་ལས་བྱུང་བ། ཚེ་ཚད་མེད་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། དུས་དྲུག་གི་དྷརྨ། རྣལ་འབྱོར་གྱི་མདོ། ཀླུ་སྒྲུབ་གྱིས་མཛད་པའི་ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཕགས་པ་ལྷས་མཛད་པའི་བསྟན་བཅོས་ཡི་གེ་བརྒྱ་པའི་མགོ་ནན་བརྗེད་བྱང་། ཡི་གེ་བརྒྱ་པའི་འགྲེལ་བ་འགོས་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་པ། སློབ་དཔོན་ཉི་མའི་འོད་ཀྱིས་མཛད་པའི་ལྟ་བའི་རིམ་པ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ལྟ་བའི་ས་ཆོད། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་རྣམ་པར་བཤད་པ་ཚིག་ལེའུར་བྱས་པ། སིངྒ་ལའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་མཆན་ཅན་སོགས་ཡིག་ཆ་མང་ཆེ་བའང་བོད་ཡུལ་དུ་དེ་སྔ་ཤིང་དཔར་ལ་འཁོད་པའི་བཀའ་བསྟན་ནང་ན་མེད་པ་ཤ་སྟག་གོ །
        དེབ་ཚོགས་འདི་ཉིད་པར་བསྐྲུན་བགྱིས་པ་ཡིས་བོད་ཀྱི་ནང་ཆོས་ཕྱི་མོ་བསྟན་པ་སྔ་དར་གྱི་ལོ་རྒྱུས་དང་ལྟ་གྲུབ་ཀྱི་གཞུང་ལུགས་སོགས་ཞིབ་འཇུག་བྱེད་པར་དམིགས་བསལ་གྱི་དོན་སྙིང་ཆེན་པོ་ལྡན་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།