«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»པར་དུ་བསྐྲུན་པ།
རྩོམ་པ་པོ།:«སྦྲང་ཆར»རྩོམ་སྒྲིག་ཁང་།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-03-11
ཀློག་གྲངས།:
བོད་ཀྱི་དེང་རབས་རྩོམ་རིག་ཅེས་པའི་གདགས་གཞི་འདིར་བཞེད་ཚུལ་ཐ་དད་པ་དུ་མ་མཆིས་ནའང་། ཐུན་མོང་ཡོངས་གྲགས་སུ་དུས་རབས་གོང་མའི་ལོ་རབས80པའི་དུས་མགོར། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«སྦྲང་ཆར»སོགས་རྩོམ་རིག་དང་འབྲེལ་བའི་དུས་དེབ་མང་བོ་སྔ་རྗེས་སུ་སྤེལ་པ་ས་མཚམས་སུ་བཅད་དེ། རིམ་བཞིན་དར་ཞིང་རྒྱས་པར་ངོས་འཛིན་པ་རེད།

ས་མཚམས་དེ་གཞིར་བཞག་ཚེ། བོད་ཀྱི་དེང་རབས་རྩོམ་རིག་ཅེས་པ་འདིར་ཡང་ལོ་ངོ་བཞི་བཅུ་ལྷག་གི་ལོ་རྒྱུས་ལྡན་ཞིང་། དེ་མཚུངས་ཀྱི་སྲོལ་རྒྱུན་ལྟོས་བཅས་པ་ཞིག་ཀྱང་ངང་གིས་གྲུབ་པ་བསྙོན་དུ་མ་མཆིས། ལོ་རྒྱུས་རིང་བོའི་ཁྲོད་ཀྱི་ཐུང་ངུ་དང་སྲོལ་རྒྱུན་ཆེན་པོའི་ཁྲོད་ཀྱི་ཆུང་ངུ་དེས་བསྐྱེད་པའི་འབྲས་བུར། བོད་ཀྱི་དེང་རབས་རྩོམ་རིག་ཀྱང་ན་ཚོད་དར་ལ་བབ་པའི་གདན་གྲལ་དུ་ཚུད་པར་མ་ཟད། བརྗོད་བྱ་རྗོད་བྱེད་ཉིས་ཐད་ནས་རང་གཞན་སུ་ལའང་ངོ་གནོང་མི་དགོས་པའི་ཚད་ཐིག་ཏུ་སླེབས་ཡོད་ཅེས་སྨྲ་བར་སྤོབས་སོ། །ད་ནི་རྒྱུ་རྐྱེན་རྟེན་འབྲེལ་གང་གི་ཆ་ནས་བརྟགས་ཀྱང་རུང་། བོད་ཀྱི་དེང་རབས་རྩོམ་རིག་འདི་ཉིད་ཆེ་ཕྱོགས་བོད་རིག་པའི་ཁྲོད་ཀྱི་ཆུང་ཕྱོགས་བོད་ཀྱི་རྩོམ་རིག་དང་། དེ་ཡི་ཡང་ཡན་ལག་ཏུ་གྱུར་པའི་རིག་ཚན་ཞིག་ཏུ་བལྟས་ཤིང་བལྟ་ཆོག་ཆོག་ཏུ་སྣང་།
དུས་རབས་གོང་མའི་ལོ་རབས80པ་ནས་བཟུང་། དུས་དེབ«སྦྲང་ཆར»གྱི་གཙོ་སྒྲིག་ཟུར་པ་འགྱུར་མེད་ལགས་ཀྱིས་སྣེ་ཁྲིད་ཅིང་། རྩོམ་སྒྲིག་པ་རྒན་དར་གཞོན་གསུམ་གྱི་བཀའ་དྲིན་ལ་བརྟེན་ནས། དང་པོར་དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས་བརྩམས་པའི«སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད»པོད1ཅན་དང་། བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོ་རྣམ་གཉིས་ཀྱིས་བསྒྲིགས་པའི«གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ»པོད3ཅན་རྩོམ་སྒྲིག་པར་སྐྲུན་གནང་སྟེ། ཕུ་ཆུ་ཡུར་དུ་དྲངས་ཤིང་ཡུར་ཆུ་ཞིང་དུ་དྲངས་པ་ལྟ་བུའི་བྱས་པ་མངོན་ཅན་དུ་བསྟབས་པ་དང་། བར་དུ«བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས»པོད10ཡི་བདག་ཉིད་ཅན་རྩོམ་སྒྲིག་པར་སྐྲུན་མཛད་དེ། རྡོ་ལག་བརྒྱུད་དང་ཆུ་ལམ་བརྒྱུད་ཀྱི་རྣམ་ཐར་ཤིན་ཏུ་མི་དམན་པ་བསྐྱངས། ཕྱིས་སུ«སྦྲང་ཆར»རྩོམ་སྒྲིག་ཁང་གི་གཙོ་སྒྲིག་ལས་ཐོག་པ་སོ་སོ་དང་རྩོམ་སྒྲིག་པ་ཐུན་མོང་གིས་ཀྱང་སྔར་སྲོལ་བཟང་བོ་དམ་འཛིན་སྒོས་རིག་པའི་ཚན་ཁག་འདིའི་ཕྱོགས་གང་ཅིའི་ཐད་ལ་མཐོང་ཆེན་པོ་སྤྲད་ཅིང་། བོད་ཀྱི་རྩོམ་པ་པོ་སྐྱེད་སྲིང་དང་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྩ་བའི་རྩ་དོན་དུ་བཟུང་སྟེ། སྔ་ཕྱིར«སྦྲང་ཆར་ལོ་འཁོར20དཔེ་ཚོགས»པོད8ཅན་དང་། «དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང»པོད30ཅན། «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས»པོད40ཅན་ཕུད། «སྨིན་དྲུག་རྩོམ་རིག་དཔེ་ཚོགས»པོད18ཅན་དང་། དེ་ཡང་ད་དུང་མུ་ནས་མུ་རུ་པར་སྐྲུན་བྱ་འཆར་ཡོད་པ་བཅས་ཀྱིས་མཚོན། ཆུ་རྔ་བྱེ་ཐང་དུ་མི་ཐིམ་ཞིང་ཕ་ཤུལ་བུ་ཆད་དུ་མི་འགྱུར་བའི་ཆོད་སེམས་དམ་པོར་བཅངས་ཐོག བོད་ཀྱི་དེང་རབས་རྩོམ་རིག་གི་རྨང་གཞིའི་འཛུགས་སྐྲུན་ཐད་རང་ནུས་ཅི་ལྕོགས་ངང་སྲི་ཞུ་གང་ལེགས་བསྒྲུབས་དང་སྒྲུབ་བཞིན་པ་འདི་ནི། རྩོམ་རིག་གི་ལས་ཀ་དོན་དུ་གཉེར་བ་ཐམས་ཅད་ལ་སྔར་ནས་གསལ་ཆ་ཆེ་བ་ལྟར་རོ།།
ལྷག་པར«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས»ཞེས་པ་ལྟ་བུར་མཚོན་ན། དུས་རབས་གོང་མའི་ལོ་རབས90པའི་དུས་མགོར་ཀློག་པ་པོའི་བགོ་སྐལ་དུ་བྲིམས་པའི«བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས»ལ་དཔེར་བལྟས་པའི་སྒོས། སྤྱི་ལོ1980ལོ་ནས2019ལོའི་བར་གྱི་རྩོམ་རིག་བརྩམས་ཆོས་ལས་ལེགས་པའི་ལེགས་པ་རྣམས་ལོ་རབས4རུ་བགོས་ཤིང་། ལོ་རབས་རེར་པོད་གྲངས10རེ་འཆར་ཅན་དུ་བསྒྲིགས་པའི་མཐར། བསྡོམས་པས་པོད40ཡི་བདག་ཉིད་ཅན་དེ་སྤྱི་ལོ2019ལོར་སྔ་ཕྱི་ལྟོ་སྤྲད་པའི་ཚུལ་གྱིས་དངོས་སུ་ལེགས་གྲུབ་བྱུང་།

ད་རེས་ཀྱང་། འདི་ག་རྩོམ་སྒྲིག་ཁང་གིས་ལས་གཞི་དེའི་སྦྱོར་དངོས་རྗེས་གསུམ་ཡ་མ་བྲལ་བར་དེའི་འཕྲོས་དོན་དུ་ལུས་པའི་ལས་བྱ་དག་སྔར་མུས་ལྟར་རྒྱུན་བསྐྱང་རྒྱུའི་ཀུན་སློང་རྩིས་ཟིན་པའི་སྒོ་ནས། ཐོག་མར་རྩོམ་སྒྲིག་ཁང་སོ་སོས་ལེགས་རྩོམ་འོས་སུ་སྦྱར་བ་དང་། བར་དུ་རྩོམ་སྒྲིག་མི་སྣས་དེ་ལས་ལེགས་པའི་ལེགས་པ་བདམས་པ་དང་། མཐའ་མར་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི་ཡོངས་ཀྱིས་ཐག་བཅད་པ་བཞིན། སྤྱི་ལོ2020ལོའི་བོད་འབྲེལ་ས་ཁུལ་གྱི་དུས་དེབ་དང་ཚགས་པར་ཚད་ལྡན་ཡོད་དོ་ཅོག་ལས་སྒྲུང་འབྲིང་དང་སྒྲུང་ཐུང་། སྙན་ངག ལྷུག་རྩོམ་བཅས་ལས་ལོ་གཅིག་རིང་གི་འཐུས་ཚབ་རང་བཞིན་ལྡན་ངེས་ཀྱི་བརྩམས་ཆོས་དག་བདམས་ཏེ། པོད4ཡི་བདག་ཉིད་ཅན་དུ་གྲུབ་པའི«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»(2020)འདི་པར་དུ་བསྐྲུན་པའི་སྐལ་བ་སྨིན།
ང་ཚོས་ལོ་དེབ་འདི་འདྲ་ཞིག་ལོ་རེ་བཞིན་འཆར་ཅན་དུ་བསྒྲིག་རྒྱུའི་དམིགས་ཡུལ་ནི། གཅིག་ན་དུས་ཐོག་ཏུ་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་ལོ་རེའི་ལེགས་རྩོམ་ཇི་སྙེད་ཅིག་གཅིག་སྡུད་སྒོས་འབུལ་བ་དང་། གཉིས་སུ་གསར་རྩོམ་ལ་འཇུག་བཞིན་པའི་རྩོམ་པ་པོ་རྣམས་ལ་དཔེ་ལྟའི་ཚུལ་དུ་མཚམས་སྦྱོར་བ། གསུམ་དུ་བོད་ཀྱི་དེང་རབས་རྩོམ་རིག་ལ་ཞིབ་འཇུག་དང་སློབ་ཁྲིད་བྱེད་མཁན་ཚོར་སྟབས་བདེ་སྐྲུན་པ། བཞི་རུ་བོད་ཀྱི་དེང་རབས་རྩོམ་རིག་གི་རིག་ཚན་འཛུགས་སྐྲུན་ཐད་རྨང་གཞིའི་རྒྱུ་ཆ་གསོག་ཉར་བགྱི་བ་བཅས་ཀྱི་ཆེད་དུ་ལགས་སོ། །རྩོམ་སྒྲིག་གི་གོ་རིམ་དངོས་ཀྱི་ཁྲོད། ཐོག་མར་བརྩམས་ཆོས་ཕུལ་དུ་བྱུང་བ་དག་བདམས་བསྒྲིགས་བྱ་སླད། དེབ་རེའི་ཡིག་གྲངས་ཁྲི20ལས་མི་བརྒལ་བ་དང་། བར་དུ་རྩོམ་སྒྲིག་གི་ལས་ཀ་གང་བདེར་ཡོང་བའི་ཆེད་དུ་དེབ་རེའི་གདམ་བྱ་དག་དུས་ཀྱི་སྔ་ཕྱི་ལྟར་བཀོད་པ། མཐའ་མར་ལོ་དེབ་ཧྲིལ་པོའི་ཐ་སྙད་སོགས་སྤྱི་ཕྱོགས་ནས་གཅིག་གྱུར་ཡོང་བའི་ཐད། རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་གྲོས་ཁ་ཡང་ཡང་བསྡུར་ཏེ་གཏན་ཁེལ་ཅི་ཐུབ་བྱས་ཡོད།
ཡིན་ནའང་། གཞན་དབང་གི་དོན་དག་འགའ་རེ་ལྷགས་པ་ནི། ལོ་འདི་གའི་ནང་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་མི་སྣ་ཉུང་བ་དང་། ལས་ཀའི་འགན་ཁུར་ལྕི་བ། ལོ་དེབ་བསྒྲིགས་པའི་ཉམས་མྱོང་ཞན་པ། འབྲེལ་ཡོད་མི་སྣ་ཡོངས་ལ་བཀའ་འདྲི་ཞུ་མ་ཐུབ་པ་བཅས་ཀྱི་རྐྱེན་ལས། བརྩམས་ཆོས་ལེགས་གྲས་སྐོར་ལས་གདམ་འོས་པ་དག་བདམས་ཐུབ་མེད་པ་དང་། བདམས་པ་དག་ཀྱང་ཕུལ་བྱུང་བརྩམས་ཆོས་སུ་བརྩི་མིན་ཆ་མི་འཚལ་བ། གཞན་ཡང་རྩོམ་སྒྲིག་པར་ཞུའི་ལས་ཀའི་ཁྲོད་འཐུས་ཤོར་བྱུང་བའི་རིགས་བཅས་ཀྱང་ཡོད་ངེས་པས། འདིར་ཤེས་ནས་སྨྲ་བ་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་གནང་བའི་རེ་བ་དང་བཅས། བགྱི་བ་འདི་ཡང་བོད་ཀྱི་དེང་རབས་རྩོམ་རིག་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག་གུ། །
ཞེས«སྦྲང་ཆར»རྩོམ་སྒྲིག་ཁང་གིས།
འབྲེལ་ཡོད་འོས་སྦྱོར།