༄༅།།བརྡ་སྤྲོད་རིགས་སྒོ་གསར་བ།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2022-03-17
ཀློག་གྲངས།:
ཉེ་ཆར། རྩིས་འཁོར་སྐད་བརྡ་རིག་པའི་འབུམ་རམས་པ་ཚེ་དཔལ་ལགས་ཀྱིས་བརྩམས་གྲུབ་གནང་བའི«བརྡ་སྤྲོད་རིགས་སྒོ་གསར་བ»ཞེས་པའི་དེབ་གསར་འདི་ཉིད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས། དེབ་འདི་ཉིད་ནི་མི་རིགས་སྐད་ཡིག་དཔེ་སྐྲུན་གྱི་ཆེད་དམིགས་རོགས་དངུལ་རྣམ་གྲངས་ལས་བོད་ཀྱི་དེང་རབས་གསར་རྩོམ་གཅེས་བཏུས་དཔེ་ཚོགས་ཀྱི་དཔྱད་རྩོམ་གྲས་ཡིན།

དེབ་འདིའི་ནང་དོན་གྱི་ཆ་ལ། ཡི་གེའི་སྒྲའི་བཤད་པ། ཐ་སྙད་དང་དེའི་དབྱེ་བ། ལས་ཚིག་གི་དབྱེ་བ། ཚིག་གི་རྣམ་གཞག རྣམ་དབྱེའི་ངོ་བོ། རྣམ་དབྱེ་བ་དང་པོ་དང་དྲུག་པའི་དཔྱད་པ། རྣམ་དབྱེའི་ཚིག་ཕྲད་དང་མཚམས་སྦྱོར་ཚིག་ཕྲད་ཀྱི་ཁྱད་པར། ཚིག་དང་རྣམ་དབྱེ་དང་རྗོད་པ་ངག་གསུམ་གྱི་འབྲེལ་བ། རྗོད་པའི་སྒྲ་དོན་གཉིས་ལ་དབྱེ་ཞིབ་ཅི་ལྟར་བྱ་བའི་ཐབས་ལམ། མཐའ་རྐྱེན་གྱི་ཡི་གེ་དང་རྣམ་དབྱེ་གསལ་བྱེད་ཀྱི་སྒྲ། ཚིག་སྦྱོར་དག་གི་ངོ་བོ་འགྱུར་ལུགས། ཚིག་སྡུད་དང་ཁ་སྐོང་ལ་སོགས་པ་བརྡ་སྤྲོད་པའི་རྩ་བའི་ཤེས་བྱ་འགའ་བཅས་ལེའུའི་གྲངས་བཅུ་རུ་བཀོད་ཡོད་དོ།།

ཚེ་དཔལ། སློབ་ཆེན་དགེ་རྒན། རྩིས་འཁོར་སྐད་བརྡ་རིག་པའི་འབུམ་རམས་པ། ༡༩༧༥ལོར་མཚོ་སྔོན་གཅན་ཚ་རུ་སྐྱེས། ལོ་བཅུ་དགུའི་སྟེང་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན། དེ་ནས་མཚོ་སྔོན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་འགྲིམས། ༡༩༩༨ལོར་གཅན་ཚ་མི་རིགས་སློབ་འབྲིང་གཉིས་པ་རུ་དགེ་རྒན་གྱི་ལས་སྣེ་ཟིན། ༢༠༠༠ལོར་ལན་ཀྲུའུ་སློབ་ཆེན་དུ་དངོས་ལུགས་ཟབ་སྦྱོང་ལ་ཕྱིན། ༢༠༠༧ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་རྩིས་འཁོར་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་འཛིན་རྟགས་བླངས་ཤིང་བོད་ལྗོངས་སློབ་ཆེན་དུ་ལས་གནས་སྤར། ༢༠༡༨ལོར་བོད་ལྗོངས་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་གཉིས་ནས་རྩིས་འཁོར་སྐད་བརྡ་རིག་པའི་ཆེད་ལས་སྦྱངས་ཏེ་བོད་སྐད་ཡིག་གི་ཚན་རིག་རང་བཞིན་ལ་ཞིབ་འཇུག་བྱས། ༢༠༡༩ལོ་ནས་བཟུང་། མཚོ་སྔོན་མི་རིགས་སློབ་ཆེན་རྩིས་འཁོར་སློབ་གླིང་དུ་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།