logo

སྨན་རམས་པ་བློ་བཟང་ནོར་བུའི་རིག་གཞུང་བསམ་བློ་དང་ནད་ཐོག་མྱོང་བྱང་།

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དུས་ཚོད།:2022-05-28 ཀློག་གྲངས།:
        དེ་ཡང་ནད་ཐོག་མྱོང་བྱང་ཕྱོགས་བསྒྲིགས་འདི་ནི་བོད་ལྗོངས་སྨན་རྩིས་ཁང་གི་སྨན་རམས་པ་བློ་བཟང་ནོར་བུ་སྟེ་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ནས་བརྒྱུད་པའི་བོད་ལུགས་གསོ་རིག་གི་ཕྱི་ཤེས་བྱ་གཞུང་གི་སྐོར་དང་། ནང་གདམས་པ་ཐབས་ཀྱི་སྐོར། གསང་བ་ལག་ལེན་དམར་ཁྲིད་ཀྱི་སྐོར། ཡང་གསང་ཉམས་མྱོང་གནད་ཀྱི་སྐོར་གང་གི་རྒྱུན་གྲལ་མ་ཉམས་གྲུ་མ་བཤིག་པར་ལེགས་པར་གནས་པ་གང་གིས་ལོ་ངོ་བཞི་བཅུ་ལྷག་ཙམ་གྱི་ཡུན་ལ་ཉམ་ཐག་ནད་པ་མང་པོ་མི་འདོད་ནད་ཀྱི་དུཿཁ་ལས་གྲོལ་བར་མཛད་པའི་མུར། ཡུལ་གངས་ཅན་པའི་སྔ་རབས་མཁས་པས་མཛད་པའི་གསོ་དཔྱད་ཀྱི་བསྟན་བཅོས་དུ་མའི་སྙིང་པོ་གཅིག་ཏུ་དྲིལ་ཞིང་། རང་གི་མཐོང་བ་བརྒྱུད་པའི་སློབ་དཔོན་གྱི་གདམས་ངག་གིས་ཟུར་བརྒྱན་པ་དང་། ཉིད་ཀྱི་ཉམས་མྱོང་གིས་རྒྱས་བཏབ་པའི་ལེགས་མཛད་འབའ་ཞིག་གི་རང་གཟུགས་བསྙོན་དུ་མེད་པ་ཞིག་ཡིན་ནོ། །མྱོང་བྱང་ཕྱོགས་བསྒྲིགས་འདི་རྩ་བའི་ཆ་ནས་སྡེ་ཚན་མི་འདྲ་བ་ཁག་ལྔ་ཡིས་གྲུབ་སྟེ། བོད་ལུགས་གསོ་རིག་གི་ཁོང་ནད་བཅོས་པའི་མན་ངག་གསེར་གྱི་སྒྲོམ་བུ་ཞེས་པ་དང་།  རྒྱུན་སྤྱོད་སྨན་སྦྱོར་ཀུན་བཏུས་བདེ་བ་མྱུར་སྟེར། རྒྱུན་སྤྱོད་སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཕན་བདེའི་ལེགས་བཤད་ཀྱི་ཁ་སྐོང་བོད་ལུགས་གསོ་རིག་གི་འཇུ་བྱེད་ནད་རིགས་ཀྱི་སོས་ཚད་ཀུན་གསལ་དོན་ཀུན་གྲུབ་པ། ཞར་བྱུང་དཔྱད་རྩོམ་བཅས་ལྔ་སྟེ།
        ལེའུ་དང་པོ། བོད་ལུགས་གསོ་རིག་གི་ཁོང་ནད་བཅོས་པའི་མན་ངག་གསེར་གྱི་སྒྲོམ་བུ་ཞེས་པ་སྟེ། འདིའི་ནང་དུ་བོད་ལུགས་གསོ་བ་རིག་པའི་ནད་ཐོག་ལག་ལེན་ཁྲོད་མཐོང་མང་ཞིང་། བཅོས་ཉེས་ན་ནད་རྣམས་ཀྱི་རྒྱུར་གྱུར་པའི་མ་ཞུ་བའི་ནད་ནས་འགོ་བརྩམས་ཏེ། འོར་དང་སྐྱ་རྦབ་སོགས་ཆུ་གཞིའི་ནད་དང་། བད་ཀན་སེར་པོ་དང་སྨུག་པོ་སྟེ་བད་ཀན་གཞན་རྒྱུད་ཅན་གྱི་ནད། རྒྱུ་གཟེར་དང་རྒྱུ་རྒན་སོགས་རྒྱུ་མའི་ནད། མཆིན་ནད་ལེ་བརྒན་རྒྱས་དང་མཆིན་ནད་ལྡེམ་བུ་སོགས་མཆིན་པའི་ནད། སྣོད་མཁྲིས་ཪྙིངས་ཚད་དང་སྣོད་ཀྱི་མཁྲིས་སྐྲན་སོགས་སྣོད་མཁྲིས་ཀྱི་ནད། སྙིང་འཕྱོས་དང་། སྙིང་གཟེར་སོགས་སྙིང་གི་ནད། གླང་ཐབས་སོགས་ཐོར་བུའི་ནད་དེ་མདོར་ན་ནང་དོན་སྣོད་དང་། ཕྱི་ཡན་ལག་གི་གནས་སོགས་ཀྱི་རྒྱུན་མཐོང་གི་ནད་རྣམས་མ་ཚང་བ་མེད་པ་ལྟ་བུ་ཕྱོགས་སུ་བསྡུས་པ་ལ། ནད་ཕལ་མོ་ཆེར་སོ་སོར་རྩ་བ་དཔལ་ལྡན་རྒྱུད་བཞི་ལས་མན་ངག་རྒྱུད་ཀྱི་ནད་བྱེ་བྲག་པའི་ས་བཅད་ཀྱི་འགྲོས་ལྟར་རྒྱུ་དང་རྐྱེན། དབྱེ་བ། རྟགས། བཅོས་ཐབས་ཀྱི་ས་བཅད་ལྔ་རེར་བྱས་ཤིང་། མན་ངག་ལྷན་ཐབས་སོགས་ཉམས་ཡིག་དུ་མས་ཟུར་བརྒྱན་ལ། རང་གི་མཐོང་བ་བརྒྱུད་པའི་ལག་ལེན་གྱིས་རྒྱས་བཏབ་སྟེ་ལག་ཏུ་བླངས་བདེ་བར་བཀོད་ཡོད།
        ལེའུ་གཉིས་པ་དང་གསུམ་པ། རྒྱུན་སྤྱོད་སྨན་སྦྱོར་ཀུན་བཏུས་བདེ་བ་མྱུར་སྟེར་རྒྱུན་སྤྱོད་སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཕན་བདེའི་ལེགས་བཤད་ཀྱི་ཁ་སྐོང་ཞེས་པ་སྟེ། འདིར་དེང་སྐབས་བོད་ལུགས་གསོ་རིག་གི་ནད་ཐོག་ལག་ལེན་ཏུ་རྒྱུག་ཆེ་ཞིང་། སྨན་གྱི་སྦྱོར་སྡེ་དང་སྦྱོར་བཟོ་སོགས་ལས་སླ་བའི་རྒྱུན་སྤྱོད་བོད་སྨན་སུམ་བརྒྱ་དང་སུམ་ཅུ་སོ་བཞི་བཀོད་ཡོད་པ་སྟེ། དེ་ལ་རླུང་སྨན་དང་། ཁྲག་རླུང་གི་སྨན། མཁྲིས་པའི་སྨན། ཁྲག་སྨན། བད་ཀན་གྱི་སྨན། བད་ཀན་སྨུག་པོའི་སྨན། ཆུ་སེར་གྱི་སྨན། ཚད་རིམས་ཀྱི་སྨན། དབང་ལྔའི་སྨན། སྙིང་སྨན། ཕོ་བའི་སྨན། གླང་ཐབས་ཀྱི་སྨན། དྲེག་གྲུམ་གྱི་སྨན། པགས་ནད་ཀྱི་སྨན་སོགས་སྡེ་ཚན་སོ་གཅིག་ལྷག་ཏུ་ཕྱེ་ཞིང་། སྨན་སོ་སོར་གཞུང་གང་ལས་བྱུང་བའི་ཁུངས་དང་། ཞི་བྱེད་དང་སྦྱོང་བྱེད་གང་གི་སྡེ་ཁོངས་སུ་གཏོགས་པ། སྤྱིའི་ཕན་ནུས་དང་ཁྱད་ཡོན། བཟི་ཡོད་མེད་བཅས་དོན་རྣམ་པ་བཞིའི་སྒོ་ནས་གསལ་བར་བྱས་ཡོད།
        ལེའུ་བཞི་པ། བོད་ལུགས་གསོ་རིག་གི་འཇུ་བྱེད་ནད་རིགས་ཀྱི་སོས་ཚད་ཀུན་གསལ་དོན་ཀུན་གྲུབ་པ་ཞེས་པ་སྟེ། འདིར་མ་ཞུ་བའི་ནད། ཕོ་རུབ་ནད། བད་ཀན་མགུལ་འགགས་ཀྱི་ནད། བད་ཀན་སེར་པོ། བད་ཀན་སྨུག་པོ། ཕོ་རླུང་། སྐྱ་རྦབ། གཞང་འབྲུམ། མཆིན་ནད། གཤེར་མའི་ནད། འབྲས་ནད་སོགས་རྩ་བའི་ནད་རིགས་ཉི་ཤུ་དང་། བྱེ་བྲག་དང་བཅས་ནད་མི་འདྲ་བ་ཞེ་བདུན་གྱི་ངོས་འཛིན་དང་། བཅོས་བསྐྱེད་ཚད་གཞི་གང་འདྲ་ཡིན་པ་སོགས་གསལ་བར་བསྟན་ཡོད།
        ལེའུ་ལྔ་པ། ཞར་བྱུང་དཔྱད་རྩོམ་ཞེས་པར་སྨན་རམས་པ་བློ་བཟང་ནོར་བུ་མཆོག་གིས་ནམ་རྒྱུན་འཚོ་བ་དང་ཕྱག་ལས་ཀྱི་ཞོར་དུ་རང་གི་ནད་ཐོག་ཉམས་མྱོང་དང་རིགས་པའི་གཞུང་ལུགས་ལས་འཕྲོས་པའི་གནད་དོན་ལ་ཆེད་དུ་དམིགས་ནས་རྩོམ་འབྲི་བྱས་པའི་དཔྱད་རྩོམ་གཉིས་བཅས་ཡིན་ནོ། །

མཁས་དབང་བློ་བཟང་ནོར་བུའི་ངོ་སྤྲོད་མདོར་བསྡུས།
        མཁས་དབང་བློ་བཟང་ནོར་བུ་མཆོག་ནི། སྤྱི་ལོ༡༩༤༩ལོར་ལྷ་ས་ནོར་རྒྱས་དཔལ་འབྱོར་དུ་སྐུ་འཁྲུངས། ཡབ་ཀྱི་མཚན་བྱམས་པ་དབང་རྒྱལ་ཞུ་ཞིང་། ཕོ་བྲང་པོ་ཏ་ལའི་རྩེ་གཉེར་ཚང་གི་གཉེར་པའི་ཕྱག་ལས་གནང་། ཡུམ་གྱི་མཚན་ལ་སྐལ་བཟང་སྒྲོལ་དཀར་ཞུ་ཞིང་ཚེམ་བཟོའི་ཕྱག་ལས་གནང་། དགུང་ལོ་བརྒྱད་ནས་བཅུ་བར་ལྷ་ས་བཞི་སྡེ་དགོན་པར་ཆོས་ཞུགས་གནང་། དགུང་ལོ་བཅུ་གཅིག་ནས་བཟུང་ལྷ་ས་གཞུང་བཙུགས་སློབ་གྲྭར་འགྲོ་ཆོག་པའི་སྐལ་བཟང་གི་ཉིན་མོ་ཤར། དེ་ནས་བཟུང་ཀ་མད་སུམ་ཅུས་གཙོས་པའི་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་། རྒྱ་ཡིག ཨང་རྩིས་བཅས་ལ་སློབ་སྦྱོང་གནང་བའི་དབུ་ཚུགས། དགུང་ལོ་བཅུ་བཞི་སྟེ་སྤྱི་ལོ་༡༩༦༣ལོར་ལྷ་ས་སྨན་རྩིས་ཁང་གི་སློབ་གྲྭར་ཞུགས་པའི་སྐལ་བཟང་ཐོབ། སྔ་ཕྱི་རུ་སྨན་རྩིས་ཁང་དུ་གསོ་རིག་སྨྲ་བའི་མཁས་དབང་ལྷུན་གྲུབ་བསྟན་དར་དང་བསམ་གཏན་སོགས་ཞབས་པད་དུ་བསྟེན་ནས་རྒྱུད་བཞིས་གཙོས་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་ལ་ཐོས་བསམ་སྦྱངས་བརྩོན་གནང་།
        སྤྱི་ལོ༡༩༦༦ལོར་སྨན་རྩིས་ཁང་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཕྱི་ལོར་ལྷ་ས་སྨན་རྩིས་ཁང་ཁོང་ནད་སྡེ་ཁག་ཏུ་སྨན་པའི་ཕྱག་ལས་གནང་། སྤྱི་ལོ༡༩༧༠ལོ་ནས་སྤྱི་ལོ༡༩༧༨ལོར་ཀོང་པོ་རྒྱ་མདའ་རྫོང་རྒྱ་ཤིང་ཆུས་འཕྲོད་བསྟེན་ཁང་དུ་ཕྱག་ལས་གནང་། གནས་དེར་གཅིག་ནས་སྒོ་བསྟེན་སྨན་བཅོས་དང་། བསྐོར་སྐྱོད་སྨན་བཅོས། བྱིས་པ་སྐྱེ་བསུའི་སྨན་བཅོས། དོས་དྲག་སྨན་བཅོས། ནད་རིགས་སྔོན་འགོག་སྨན་བཅོས་སོགས་ཀྱི་ལས་འགན་ཆ་ཚང་ལེགས་གྲུབ་ཞུས། གཉིས་ནས་ལོ་ཧྲིལ་པོ་བརྒྱད་ལ་ཕྱག་ལས་གནང་རིང་། ཁོང་གིས་རྒྱ་མདའ་རྫོང་རྒྱ་ཤིང་ཆུས་ཀྱི་སེར་སྐྱ་མང་ཚོགས་སྐུལ་སློང་བྱས་ཏེ། ལོ་ལྟར་སྨན་རྩྭ་རྒྱ་མ་སྟོང་ཕྲག་མང་པོ་འཐུ་སྒྲུབ་གནང་བ་མ་ཟད། འདུལ་སྦྱོང་ལག་ལེན་དང་སྦྱོར་བཟོ་དཀའ་ཚེགས་ཆེ་བའི་སྨན་རིགས་ཉོ་སྒྲུབ་བྱས་ཏེ་མང་ཚོགས་ལ་སྨན་རིན་མི་དགོས་པའི་སྨན་བཅོས་གནང་བ་དང་། འཕྲོད་བསྟེན་ཁང་དུ་འཕྲུལ་ཐང་དང་། ཞི་བྱེད་དྲུག་པ་སོགས་སྨན་སྣ་བཅུ་ཙམ་རང་ཉིད་ཀྱིས་སྦྱོར་བཟོ་གནང་བ་སོགས་ཐབས་ལམ་སྣ་ཚོགས་སྤྱད་དེ་མི་ལོ་བརྒྱད་ཀྱི་རིང་རྒྱ་ཤིང་ཆུས་འཕྲོད་བསྟེན་ཁང་དེ་སྒྲིག་གཞི་ཚང་བའི་འཕྲོད་བསྟེན་ཁང་ཞིག་ཏུ་གྱུར་ནས་ས་གནས་དེ་གའི་སེར་སྐྱ་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཐོབ།
        སྤྱི་ལོ༡༩༧༩ལོར་སླར་ཡང་ལྷ་ས་སྨན་རྩིས་ཁང་དུ་ལས་བསྒྱུར་གནང་ཞིང་གསོ་རིག་ཞིབ་འཇུག་སོའོ་རུ་ཕྱག་ལས་གནང་། སྤྱི་ལོ༡༩༨༡ལོར་དཔལ་ལྡན་འབྲས་སྤུངས་དགོན་དུ་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་ནས་གཙོ་གཉེར་གནང་བའི་ཐེངས་དང་པོའི་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་ཟབ་སྦྱོང་འཛིན་གྲྭའི་ནང་དུས་ཡུན་ཟླ་དྲུག་གི་རིང་སློབ་དཔོན་མཁས་དབང་བྱམས་པ་འཕྲིན་ལས་མཆོག་དང་། ཀུན་དགའ་ཕུན་ཚོགས་མཆོག ཐུབ་བསྟན་ཚེ་རིང་མཆོག་གིས་རྒྱུད་བཞི་སོགས་ཀྱི་དཀའ་གནད་དང་དོགས་གནད་སོགས་འཆད་ཁྲིད་གནང་ཞིང་། སྨན་བཅོས་བྱ་གཞག་ཁྲོད་ནད་ཚབས་ཆེ་ཞིང་བཅོས་དཀའ་བའི་ནད་རིགས་ཁག་གི་མན་ངག་ལག་ལེན་རྣམས་དཔེ་མཁྱུད་མེད་པར་བུམ་པ་གང་བྱོའི་ཚུལ་དུ་གནང་བས། ཁོང་གི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་ནད་ཐོག་ཉམས་མྱོང་བཅས་སྔར་བས་མཐོར་འདེགས་ཆེན་པོ་བྱུང་།
        ཚན་རྩལ་ཞིབ་འཇུག་ཐད་ལ་སྤྱི་ལོ༡༩༨༢ལོར་ལྷ་ས་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སོའོ་རུ་བོད་སྨན་གྱིས་སྐྱེ་རྒྱུན་གཅོད་པའི་སྨན་མདའ་རྒྱུས་ལྔ་པ་དང་། གནམ་ལྕགས་ཟིལ་པའི་ནད་ཐོག་ཕན་འབྲས་ལ་ཞིབ་འཇུག་བྱས་ཤིང་། འཕན་པོ་ལྷུན་གྲུབ་རྫོང་ལྷུན་གྲུབ་ཤང་དང་། སྟོད་ལུང་བདེ་ཆེན་རྫོང་སོགས་ལ་སྐྱེ་རྒྱུན་གཅོད་པའི་ཞིབ་འཇུག་གནང་བར་ཕན་འབྲས་ཆེན་པོ་ཐོན། སྤྱི་ལོ་༡༩༨༤ལོ་ནས་སྤྱི་ལོ་༡༩༨༦ལོ་བར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཞིབ་འཇུག་གི་འཆར་གཞི་ལྟར་ལྗོངས་སྨན་རྩིས་ཁང་དང་གསོ་རིག་ཞིབ་འཇུག་སོའོ། ལྗོངས་མི་དམངས་སྨན་ཁང་ཕྱི་བཅོས་ཚན་ཁག་བཅས་མཉམ་འབྲེལ་ཐོག་བོད་སྨན་གྱི་ཕོ་རུབ་ནད་པ་མི་གྲངས་༩༥ལ་ནད་ཐོག་ཞིབ་འཇུག་གནང་བའི་གཙོ་འགན་བཞེས་པ་མ་ཟད། ཚན་རིག་ཞིབ་འཇུག་གི་འཆར་གཞི་འདི་ཉིད་ལེགས་འགྲུབ་བྱུང་ནས་སྤྱི་ལོ༡༩༨༨ལོར་ཀྲུང་དབྱང་འཕྲོད་བསྟེན་པུའུ་ཡིས་ཚན་རིག་ཞིབ་འཇུག་ཡར་ཐོན་གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ། སྤྱི་ལོ་༡༩༨༧ལོ་ནས་སྤྱི་ལོ་༡༩༩༠ལོའི་བར་ལྗོངས་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སོའོ་ཡིས་བཅོ་དྲག་ཁ་ཚར་ཅན་ཞེས་པའི་སྨན་སྦྱོར་གསར་པར་ཕན་འབྲས་ཞིབ་འཇུག་ནང་ཞུགས་པ་དང་། ནད་ཐོག་ཞིབ་འཇུག་ཁྲོད་བཅོ་དྲག་ཁ་ཚར་གྱིས་མ་ཞུ་བའི་ནད་དང་། ཕོ་རུབ་ནད། བད་ཀན་སྨུག་པོའི་ནད། བད་ཀན་ལྷེན་དང་ལྕགས་དྲེག མེ་ཉམས་ནད། རྒྱུ་གཅོང་དང་རྒྱུ་རྒན་སོགས་ལ་ཕན་འབྲས་ཆེན་པོ་ཐོན་པར་ལྗོངས་སྨན་རྩིས་ཁང་གིས་གནང་བའི་ཚན་རིག་ཞིབ་འཇུག་གི་བྱ་དགའ་རིམ་པ་དང་པོ་ཐོབ། དེ་བཞིན་སྤྱི་ལོ་༡༩༩༨ལོ་ནས་༢༠༠༩ལོའི་བར་ལྗོངས་སྨན་རྩིས་ཁང་གི་ཞིབ་འཇུག་འཆར་གཞི་སྟེ་བཙོ་ཟླ་དང་། མང་སྦྱོར། རུ་ཁྱུང་། ཆིག་རིལ། བྱི་ཏང་བདུན་པ་དང་དྲུག་པ་སོགས་ཀྱིས་ཕོ་བའི་ནད་འབུ་ཕྲ་མོ་གསོད་པའི་ནད་ཐོག་ཕན་འབྲས་ཀྱི་ཞིབ་འཇུག་ལས་ཀའི་ཐུགས་འགན་བཞེས་ཏེ་ནད་པ་མི་གྲངས་༡༥༡གི་ནད་རྟགས་ཞི་ཚད་བརྒྱ་ཆ་༩༨ཟིན། སྤྱི་ལོ་༢༠༠༤ནས་བཟུང་རང་ཉིད་ཀྱི་མི་ལོ་བཞི་བཅུའི་རིང་གི་ནད་ཐོག་ཉམས་མྱོང་དང་དེང་དུས་དར་ཁྱབ་ཆེ་བའི་ནད་གཞི་བད་ཀན་སེར་པོའི་ནད་དང་། མཁྲིས་པ་ཕོ་བར་ལུད་པའི་ནད། སྣོད་མཁྲིས་རྒྱས་པའི་ནད་དང་། སྣོད་ཀྱི་མཁྲིས་སྐྲན་ནད། མ་ཞུ་ཪྙིང་པའི་ནད་བཅས་ལ་ཆེད་དུ་དམིགས་ནས་བདུད་རྩི་ཆེན་མོ་ཞེས་པའི་སྨན་སྦྱོར་གསར་པ་བཟོས་གནང་ཞིང་། ནད་ཐོག་དངོས་ནང་ཕན་འབྲས་ཆེན་པོ་ཐོན་དང་ཐོན་མུས་སུ་མཆིས་ཕྱིར་མུ་མཐུད་ཞིབ་འཇུག་གནང་བཞིན་པ་ཡིན། དེ་བཞིན་ཏུ་སྤྱི་ལོ་༢༠༠༩ནས་བཟུང་འཆི་མེད་སྲིན་སེལ་ཁ་ཚར་ཅན་ཞེས་པའི་སྨན་སྦྱོར་གསར་བཟོ་གནང་ནས་ད་ལྟ་ནད་ཐོག་དངོས་ནང་ཞིབ་འཇུག་བྱེད་དང་བྱེད་མུས་སུ་གནང་བཞིན་པ་འདི་ལགས་སོ། །
        གསུང་རྩོམ་གྲས་ལ། མཁས་དབང་འདི་ཉིད་ཀྱིས་སྔ་ཕྱི་རུ«བོད་ལུགས་གསོ་རིག་གི་ཕོ་བའི་མེ་དྲོད་ཀྱི་རྣམ་བཤད» «བོད་ལུགས་གསོ་རིག་གི་འཇུ་བྱེད་མ་ལག་གི་ནད་ངོས་ཚད་གཞི་དང་སྨན་བཅོས་ཚད་གཞི» «བོད་ལུགས་གསོ་བ་རིག་པའི་ཁོང་ནད་བཅོས་ཐབས་མན་ངག་ལག་ལེན་ཆེན་མོ»སོགས་བརྩམས་ཆོས་དཔར་དུ་བསྐྲུན་པ་དང་། དེ་བཞིན«ཕོ་རུབ་ནད་ལ་སྨན་བཅོས་བྱས་པའི་ཕན་འབྲས»ཞེས་པ་སོགས་དཔྱད་རྩོམ་བཅུ་ལྷག་ཙམ་ཞིག «གངས་ལྗོངས་གསོ་རིག»དང་། «བོད་ལྗོངས་ཞིབ་འཇུག»སོགས་དུས་དེབ་ཁག་ཏུ་འགྲེམས་སྤེལ་གནང་ཡོད། གཞན་མཁས་དབང་ཁོང་གིས་སྔ་ཕྱི་རུ་ལྗོངས་སྨན་རྩིས་ཁང་ཁོང་ནད་གཉིས་པའི་སྡེ་ཁག་གི་དབུ་འཛིན་དང་། འཇུ་བྱེད་ཚན་ཁག་གི་དབུ་འཛིན། ཕོ་རྒྱུའི་ཆེད་ནད་ཚན་ཁག་གི་དབུ་འཛིན་གནང་ནས། དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་། ནད་ཐོག་ལག་ལེན་རྣམས་སྦ་གསང་མེད་པར་འཆད་ཁྲིད་གནང་ནས་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུར་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་གནང་ཡོད་པ་དང་། སྔ་ཕྱིར་རྒྱལ་ཡོངས་ས་གནས་ཁག་དང་ཨ་རི་དང་ཅཱ་ནཱ་ཏ། སེ་པན་ནི་སོགས་ལ་ཕེབས་ནས་རིག་གཞུང་སྤེལ་རེས་དང་སྨན་བཅོས། བོད་ལུགས་གསོ་རིག་དྲིལ་བསྒྲགས་གནང་བ་སོགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་མཚན་སྙན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པར་མཛད། ༢༠༠༥ལོར་ཁོང་ལ་སྨན་པ་འབུམ་རམས་པའི་གོ་མིང་གནང་ཡོད། གོང་རིམ་ནས་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་དཔེ་བཟང་ཅན་དང་། ཕུལ་བྱུང་སྨན་པ། སྔོན་ཐོན་ལག་རྩལ་མི་སྣ། ཏང་ཡོན་སྔོན་ཐོན་ཅན་བཅས་ཀྱི་བྱ་དགའ་དུ་མ་བསྩལ་མྱོང་ཡོད་པ་མ་ཟད། ༢༠༠༢ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ནད་ཐོག་ཆེད་ལས་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་སློབ་དཔོན་ཏུ་བསྐོ་བཞག་གནང་བ་དང་། ༢༠༠༨ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུད་དང་། འཕྲོད་བསྟེན་པུའུ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གསུམ་གྱིས་མཉམ་འབྲེལ་ཐོག་མི་རིགས་གསོ་རིག་གི་ཕུལ་བྱུང་སྨན་བཅོས་ལག་རྩལ་གྱི་བྱ་དགའ་གནང་བ་དང་། ༢༠༢༡ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུད་ནས་ཁོང་ལ་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་གི་གྲགས་ཅན་སྨན་པའི་མཚན་སྙན་གནང་། ད་ལྟ་ཁོང་དགུང་ལོ་བརྒྱད་ཅུར་སླེབས་ལ་ཉེ་ནའང་། ལྗོངས་སྨན་རྩིས་ཁང་གི་མཁས་དབང་སྒོ་བསྟེན་ཁང་དུ་བདུན་ཕྲག་གཅིག་གི་ནང་ཉིན་གསུམ་གྱི་ལས་ཚོགས་ལ་དུས་ནམ་ཡང་ཕྱི་བཤོལ་མེད་པར་འགྲོ་བ་ནད་པའི་དོན་མཛད་དང་མཛད་མུས་ཡིན།
འབྲེལ་ཡོད་འོས་སྦྱོར།