logo

གླིང་སྒྲུང་རིག་པའི་རྣམ་བཤད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-05-30 ཀློག་གྲངས།:
དཔེ་སྐྲུན་གསལ་བཤད།
        རིག་གནས་ནི་མི་རིགས་ཤིག་གི་རྣམ་ཤེས་དང་ཁྲག་རྒྱུན་ལྟ་བུ་ཡིན་པར་སྨྲ་བས། དེ་ལ་སྟོབས་ཀྱིས་ཆེས་ཆེར་ཁེངས་པའི་བསམ་བློ་ཡི་ནུས་ཤུགས་འཛོམས་པ་བཞིན་དུ། བོད་ཀྱི་རིག་གནས་ཀྱང་བོད་པ་རྣམས་ཀྱིས་མི་རིགས་གཞན་པར་འབྲེལ་འདྲིས་དང་སློབ་སྦྱོང་། རིག་གནས་བརྗེ་རེས་བྱས་པ་བརྒྱུད་དེ་དུས་ཡུན་རིང་པོའི་ནང་ལ་སྔར་ཡོད་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་དང་སྔར་མེད་པའི་རིག་གནས་མང་པོ་གསར་དུ་བསྐྲུན་ཏེ། བོད་ཡུལ་གྱི་ཁྱད་ཆོས་དང་བོད་མིའི་གོམས་སྲོལ་ལ་གྲུབ་པའི་འོད་སྟོང་འབར་བའི་རིག་གནས་རང་རྐྱ་ཕེར་པ་ཞིག་ཏུ་གྲུབ་སྟེ། ཀྲུང་ཧྭ་མི་རིགས་མ་ཚད་འཛམ་གླིང་རིག་གནས་གན་མཛོད་ཁྲོད་ནའང་རིན་བྲལ་ནོར་བུ་ཞིག་ཏུ་གྱུར་འདུག རྒྱུ་མཚན་དེའི་དབང་གིས། ད་ལྟ་གོ་ལ་རིལ་པོའི་ཁྱོན་ན་བོད་རིག་པ་ཞེས་ཞིབ་འཇུག་གི་ཡུལ་གཙོ་བོར་འཛིན་ཞིང་། བོད་རིགས་ལ“མི་རིགས་ཆུང་ཡང་རིག་གནས་ཆེན་པོ་ལྡན”ཞེས་གདེང་འཇོག་མཛད་མཁན་བྱུང་དང་འབྱུང་གིན་གདའ།
        ཀུན་གྱིས་མཁྱེན་གསལ་ལྟར། རིག་གནས་ཆེན་པོ་ལྡན་པའི་བོད་མི་རིགས་ལ་མཚོན་ནའང་། དེང་གི་ཆར་རིག་གནས་འཕེལ་འགྱུར་གྱི་དབང་གིས་ཆེ་ས་རུ་མི་རིགས་གཞན་དག་དང་འདྲ་བར་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཞེས་རིགས་གཉིས་སུ་འགེར་གྱིན་ཡོད་པ་ལས། བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་གོ་སླ་སྟེ། དེ་ནི་གནའ་སྔ་མོ་ནས་བོད་སྐད་ཀྱི་སྦྱོར་བ་ལ་ཉར་ཅིང་། རྗེས་སུ་ཡི་གེ་འབྲི་ཀློག་གི་སྲོལ་བྱུང་བ་ནས་རང་རེའི་ལོ་རྒྱུས་སྟེང་བྱོན་པའི་མཁས་དབང་ན་རིམ་གྱིས་བོན་བསྟན་དང་ནང་ཆོས་གཉིས་ཀར་ཐོས་གསུམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱིས་བསྐྱངས་པའི་རིག་གཞུང་སྤྱི་དང་། ཐ་ན་ཡུལ་སྲོལ་སོགས་ཀྱིས་གཙོས་པའི་བོད་པ་རྣམས་ཀྱིས་བསྐྲུན་པའི་གཟུགས་བཅས་ཀྱི་རིག་གནས་མཐའ་དག་ཀྱང་དེ་རུ་འདུས་ཤིང་། དེའི་འཐུས་ཚབ་ཏུ་བཞག་རུང་བའི་བསྟན་བཅོས་ཀྱི་རིགས་ལ་འདི་ག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཟིན་པའི«རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ»དང་། «བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ»སོགས་སྔོན་གྱི་ལག་བྲིས་དང་། ཤིང་པར། ད་ལྟའི་ལྕགས་པར་དང་འཕྲུལ་པར་དུ་བཏབ་པའི་ཡི་གེའི་གླེགས་བམ་རི་བོའི་གཏོས་དང་མཉམ་པ་མང་པོ་འདུག་པ་དག་ཡིན་ཞིང་། ལས་ཀ་དེ་ནི་གཙོ་བོ་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བགྱི་སའི་རིག་གནས་ཀྱི་བསྟི་གནས་ཆེན་པོ་དགོན་སྡེའི་གྲྭ་བཙུན་དག་གིས་བསྐྱངས་ཤིང་སྐྱོང་བ་རེད་དོ། །
        བོད་ཀྱི་དེང་རབས་རིག་གནས་ནི་དུས་རབས་སྔོན་མའི་དུས་དཀྱིལ་ནས་སྔ་ཕྱིར་དེང་རབས་ལམ་ལུགས་ཀྱི་སློབ་གྲྭ་བྱུང་བ་དང་། སློབ་གྲྭའི་སྡེ་རུ་སྐྱ་བོའི་རིགས་ཀྱི་ཤེས་ལྡན་རྣམས་ཀྱིས་བོད་རྒྱ་དབྱིན་གསུམ་གྱིས་གཙོས་པའི་རྒྱལ་ཁབ་ཕྱི་ནང་གི་རིག་གནས་སྣ་ཚོགས་ལ་སྦྱངས་ཤིང་སྦྱོང་བའི་གོ་རིམ་ཁྲོད་དུ། ཀྲུང་ཕྱིའི་རིག་གནས་སྣ་མང་གི་ཉིང་བཅུད་བླངས་ཏེ། རང་རེའི་རིག་གནས་གསར་པའི་མ་ལག་གསར་བཞེངས་དང་གཞུང་ལུགས་གསར་རྩོམ། བསྟན་བཅོས་སྒྱུར་ཞུ་བྱས་པའི་རིག་གནས་ཀྱི་བཟོ་སྐྲུན་རྒྱ་ཆེན་པོ་ལ་གོ་ཆོག་ཅིང་། དེ་ཡང་ཞིབ་ཏུ་བཀྲལ་ན། ཀྲུང་གོ་གསར་པ་ཚུགས་པའི་རྗེས་སུ། སྲིད་གཞུང་གིས་ས་གནས་ཀྱི་ལས་བྱེད་པ་མང་པོ་སྐྱེད་སྲིང་བྱ་སླད། ཆུང་ས་རུ་སྡེ་བ་ཚོ་བ་དང་ཆེ་ས་རུ་ཡུལ་ཕྱོགས་མང་པོར་སློབ་གྲྭ་སྣ་ཚོགས་བཙུགས་པར་མ་ཟད། སློབ་གྲྭ་ཁག་ཏུའང་ཆེད་ལས་དང་བསླབ་ཚན་མི་འདྲ་བ་དུས་དང་བབ་བསྟུན་གྱིས་བཙུགས་པའི་དབང་གིས། རོང་འབྲོག་མང་ཚོགས་ཕལ་པའི་བུ་ཕྲུག་མང་པོར་བོད་ཡིག་དང་རྒྱ་ཡིག་སྦྱོང་བའི་གོ་སྐབས་བཟང་པོ་སྨིན་ནས། དམངས་བྱིངས་ཀྱི་རིག་གནས་ཡོན་ཏན་རིམ་གྱིས་རྒྱས་པ་དང་། སྒོས་སུ་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བཟང་པོའི་ཉི་འོད་གངས་རིའི་ལྗོངས་སུ་སྙོམས་པོར་འཕྲོས་པ་དང་འབྲེལ་ཏེ། སྲོལ་རྒྱུན་རིག་གནས་ལ་ཤིན་ཏུ་མཁས་པའི་མཁས་དབང་སྐོར་ཞིག་ཀྱང་དགོན་སྡེ་ནས་སློབ་ཆེན་གྱི་ཁྲིད་སྟེགས་སུ་གདན་འདྲེན་ཐུབ་པར་གྱུར་ཏེ། ཁོང་རྣམ་པས་བསྐྱངས་པའི་ཤེས་ལྡན་སྐོར་ཞིག་ལ་མཚོན་ན་སྲོལ་རྒྱུན་རིག་པའི་རྨང་མཐུག་པོར་ཆགས་ཐོག  རྒྱ་ཡིག་ལ་བརྟེན་པའི་རིག་པའི་ཉིང་བཅུད་གང་མང་བསྡུས་ཏེ། གནའ་བཟང་དེང་སྤྱོད་དང་། གཞན་བཟང་རང་སྤྱོད། སྔར་མེད་གསར་སྐྲུན་གྱི་སྒོ་ནས་རང་རེའི་རྣམས་ཀྱང་སྤུན་ཟླ་མི་རིགས་གཞན་དག་དང་གོམ་སྟབས་མཉམ་པོས་ཀྲུང་གོ་གསར་པ་འཛུགས་སྐྲུན་གྱི་ལས་ལ་ཞུགས་མུར། རིག་གནས་སློབ་གསོ་ནི་མ་འོངས་པ་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ་དང་། དེང་རབས་ཅན་ལ་ཁ་ཕྱོགས་པའི་དུས་མཐུན་གྱི་འབོད་སྐུལ་གསར་པའི་གྲུ་ཆར་གྱིས་རྒྱུད་བརླན་པའི་ཤེས་ལྡན་དག་གིས་དབྱིན་ཇིའི་སྐད་ཡིག་གིས་གཙོས་པའི་ཕྱི་གླིང་བའི་སྐད་ཡིག་ལ་ཉར་བའི་ཚན་རིག་ལག་རྩལ་དང་། རྩོམ་རིག་སྒྱུ་རྩལ། རིག་གཞུང་སྣ་མང་གི་ཉིང་བཅུད་ལྷུར་གྱིས་བཞེས་ཤིང་། རིག་པ་གསར་པའི་འདབ་བརྒྱ་མངོན་པར་གྲོལ་པའི་འབྲས་བུ་ལ། བོད་ཀྱི་དེང་རབས་རིག་གནས་གསར་པ་བཞེངས་སྐྲུན་གྱི་ལས་སུ་འབུངས་པའི་དཔུང་སྡེ་ཕོན་ཆེན་པོའི་གྲས་ལས། སྒོང་སྐྱེས་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ཆེན་དང་རི་སྐྱེས་སྲོག་ཆགས་ཀྱི་རྒྱལ་པོ་སེང་གེ་ལྟར་མངོན་པར་འཕགས་པ་རྣམས་ཀྱིས། གང་གང་ལས་སུ་འབད་པའི་མཛད་པ་ལ་གླེགས་བམ་དེ་དང་དེ་བསྐྲུན་པའི་གསེར་ལྡན་དུས་ཀྱི་འབྲས་བཟང་རབ་ཏུ་སྨིན་པའི་དཔལ་ནི། ཡིག་ཚན་ཁོ་ནའི་དབང་དུ་བྱས་ནའང་། བརྡ་སྤྲོད་དང་རྩོམ་རིག ཡིག་སྒྱུར་དང་ལོ་རྒྱུས། ཆོས་ལུགས་དང་གླིང་སྒྲུང་། ཡུལ་སྲོལ་དང་སྐད་བརྡ། བཟོ་དང་གསོ་བ། མཚན་ཉིད་དང་སྤྱི་ཚོགས་རིག་པ་སོགས་ཀྱི་ཁྱབ་ཁོངས་མང་པོར་ཁྱབ་ཅིང་། ཆེད་དོན་ཞིབ་འཇུག་གི་དཔྱད་རྩོམ་གྱི་རིགས་ནི་དེ་བས་ཀྱང་བགྲང་གིས་མི་ལང་ཞིང་། ཆེད་དེབ་ཀྱི་རིགས་ཀྱང་རི་བོའི་གཏོས་འདྲར་སྤ་མཐོར་བརྩིགས་པའི་དབང་གིས། བོད་ལ་བྱུང་འཕྱི་བའི་དེང་རབས་རིག་གནས་ཀྱི་གོམ་འགྲོས་འཛམ་གླིང་སྤྱི་འགྲོས་ཀྱི་རྗེས་ལ་སྙེགས་པའི་དགའ་བ་མངོན་པར་བརྟས།
        དེ་ལྟར་སློབ་གྲྭ་ཡི་སྡེ་ནས་འཚར་ལོངས་བྱུང་ཞིང་། རང་རང་གི་ཆེད་ལས་ཀྱི་ཁྱབ་ཁོངས་སུ་བླངས་པའི་གྲུབ་འབྲས་ཆེན་པོ་དག་ཀློག་པ་པོ་ཡོངས་ཀྱི་མདུན་སར་རུབ་ཀྱིས་སྤུངས་ཨེ་ཐུབ་ལ་དམིགས་ཏེ། འདི་ག་དཔེ་སྐྲུན་ཁང་གིས་ད་ལོ་ནས་བཟུང«བོད་ཀྱི་དེང་རབས་རིག་གནས་མཁས་པའི་ལྗགས་རྩོམ་གཅེས་བཏུས»ཞེས་པའི་མུ་འབྲེལ་དཔེ་ཚོགས་ཤིག་པར་སྐྲུན་བྱེད་མགོ་བརྩམས་ཡོད། འདི་ལྟར་བགྱི་བའི་དམིགས་ཡུལ་གཙོ་བོ་ནི། ཆེད་མཁས་པ་རྣམ་པས་ཆེད་ལས་སོ་སོའི་ཁྱབ་ཁོངས་སུ་བླངས་པའི་གྲུབ་འབྲས་མཐོ་ཤོས་གསལ་སྟོན་དང་། བོད་ཀྱི་དེང་རབས་རིག་གནས་འཛུགས་སྐྲུན་གྱི་མ་ལག་འཐུས་ཚང་དུ་གཏོང་བ། གཞོན་སྐྱེས་རིག་གནས་ཆེད་མཁས་པའི་དཔུང་ཚོགས་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་ཕྱོགས་ཀུན་ཏུ་འཚར་སྐྱེད་འབྱུང་བར་སྣེ་ཁྲིད་པ། སློབ་གྲྭ་ཆེ་འབྲིང་ཁག་ན་ཤེས་རིག་གི་སྦྲང་བཅུད་འཇིབ་པའི་སྐལ་ལྡན་བུང་བའི་ཁྱུ་ལ་མིག་ལྟོས་སུ་ཕེར་བའི་རིག་པའི་སྐྱེས་སྟོབ་པ་བཅས་ཀྱིས་བོད་ཁུལ་གྱི་དེང་རབས་རིག་གནས་འཛུགས་སྐྲུན་ལ་རོགས་སྐྱོར་གྱི་ནུས་པ་འབུལ་ཨེ་ཐུབ་སྙམ་པ་ལགས་སོ། །དེ་ལྟའི་དམིགས་ཡུལ་ཇི་བཞིན་འགྲུབ་པའི་སླད་དུ། འདི་ག་དཔེ་སྐྲུན་ཁང་གིས་ཀྱང་དོན་དེར་ཆེད་དུ་དམིགས་ཏེ་རྩ་དོན་དང་བྱེད་ཐབས་འགའ་རེ་གཏན་དུ་ཕབ་པ་ནི་འདི་ལྟ་སྟེ། གཅིག་ཏུ་ན་དཔེ་ཚོགས་ཀྱི་ནང་དུ་གཟུད་འགྱུར་གྱི་རྩོམ་པ་པོ་དག་ནི་ད་ལྟ་འཇིག་རྟེན་དུ་བཞུགས་ཤིང་འཚོ་བཞིན་པའི་བོད་ཀྱི་དེང་རབས་རིག་གནས་མཁས་པ་རྣམས་ཀྱི་གྲས་ནས། དཔེ་སྐྲུན་ཁང་གི་གདམ་ཆོས་དཔྱད་འདེམས་མགོ་ཁྲིད་ཚན་ཚུང་གིས་སུ་ཞིག་འདེམས་པའི་མཚན་ཐོ་སྔོན་ལ་གཏན་འཁེལ་ཞུ་བ་དང་། གཉིས་སུ་ན་མཁས་པ་དག་གི་འཐུས་ཚབ་བརྩམས་ཆོས་གཅིག(སྟོད་སྨད་ཆ་ཅན་རུང)རེ་ལས་དཔེ་ཚོགས་སུ་འདེམ་པར་མི་བྱེད་ཅིང་། རྩོམ་མཁན་རྣམ་པས་རང་གི་གྲུབ་འབྲས་བཟང་ཤོས་མཚོན་པའི་དཔེ་དེབ་འོས་སྦྱོར་དང་དཔེ་སྐྲུན་ཁང་གི་འདེམ་སྒྲུག་གཉིས་ཟུང་དུ་སྦྲེལ་བ། གསུམ་དུ་ན་བདམས་ཟིན་པའི་བརྩམས་ཆོས་ཀྱི་རིན་ཐང་མཚོན་པ་དང་། རྩོམ་པ་པོའི་ཕྱག་རྗེས་ལ་གཏང་རག་གི་དོད་ཙམ་དུ་རྩོམ་ཡོན་མཐོན་པོ་འབུལ་བ་བཅས་ཡིན་ནོ། །
        འདི་ནི་བོད་ཀྱི་དེང་རབས་རིག་གནས་འཛུགས་སྐྲུན་ཐད་ཀྱི་ལས་གཞི་རྒྱ་ཆེན་པོ་ཞིག་ཡིན་པས། སྤྱིར་བགྲང་བྱ་དུ་མར་ལེགས་བསྒྲིགས་ཚགས་ཆུད་བགྱིས་པའི་རྗེས་སུ། ལྗགས་རྩོམ་ཕྱོགས་བསྒྲིགས་བམ་མཐུག་པ་ཞིག་དུས་མཉམ་པོར་རྒྱ་ཆེའི་ཀློག་མཁན་རྣམས་ཀྱི་སྤྱན་ལམ་དུ་བསྟར་ན་ལགས་ཀྱང་། ལོ་འདི་འགའི་ནང་དུ་དཔེ་སྐྲུན་ཁང་རང་ངོས་ལ་ཆ་བཞག་ན། དཔེ་སྐྲུན་གྱི་སྤྱི་གྲངས་བསྐྱུང་བ་དང་། ལས་གཞི་བཟང་པོ་རྙེད་དཀའ་བ། ལས་རིགས་མཐུན་པའི་བར་དུ་འགྲན་རྩོད་དྲགས་པ། ལས་ཁུངས་ཀྱི་ལས་ཀ་སོ་སོའི་འགྲོ་གྲོན་ཆེ་བ་བཅས་ཀྱི་དཀའ་ཁག་རྒྱུན་མར་འབྱུང་གིན་ཡོད་པ་དང་། རྩོམ་སྒྲིག་པའི་སྡེ་ལ་མཚོན་ནའང་། ཉམས་མྱོང་གིས་ཀུན་ནས་ཕྱུག་པའི་རྩོམ་སྒྲིག་པ་ཆེད་བསལ་སྒོས་དཔེ་ཚོགས་འདི་རྩོམ་སྒྲིག་དང་ཞུ་དག་དཔྱད་བཟོད་ཐུབ་པ། སྐྱོན་གྱིས་མ་གོས་པ་ཞིག་བསྒྲུབ་ན་སྙམ་སྟེ། དཔེ་སྐྲུན་གྱི་སྤུས་ཚད་ཨང་དང་པོར་འཇོག་བཞིན་ཡོད་པར་བརྟེན། འདི་ག་དཔེ་སྐྲུན་ཁང་གིས་ལོ་རེར་དེབ་རེ་གཉིས་ཙམ་པར་སྐྲུན་ཞུ་བའི་མུ་འབྲེལ་ཅན་གྱི་དཔེ་ཚོགས་འདི་འདྲ་ཞིག་བསྐྲུན་རྒྱུའི་འཆར་གཞི་འགོད་པ་ལས་འོས་མ་མཆིས།
        མུ་འབྲེལ་ཅན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས་འདི་འདྲ་བ་ང་ཚོས་སྔོན་ཆད་པར་སྐྲུན་བྱས་པ་ཉུང་ཞིང་། རྩོམ་སྒྲིག་གི་བརྒྱུད་རིམ་ནང་དུའང་ཡུལ་ཐག་རིང་པོ་ན་བཞུགས་པའི་མཁས་པ་ཚོར་འབྲེལ་གཏུགས་བྱེད་ཁག་ཅིང་། ལྷག་པར་དགུང་ལོ་མཐོ་བའི་མཁས་པ་རྒན་པ་རྣམ་པར་དེ་བས་འབྲེལ་གཏུགས་དང་བཀའ་འདྲི་ཞུ་སྟབས་མི་བདེ་ལ། དེང་རབས་བོད་ཀྱི་རིག་གནས་ཐད་མཛད་པ་མཐོ་ཞིང་བྱས་པ་ལྕི་བའི་མཁས་པ་ཡོད་ཚད་ཀྱི་ལྗགས་རྩོམ་བསྡུ་དཀའ་བའི་ཁར། རྩོམ་སྒྲིག་པ་དག་གིས་རྩོམ་སྒྲིག་པར་ཞུ་བྱེད་པའི་གོ་རིམ་དུ་མ་རྟོགས་ལོག་རྟོག་ཐེ་ཚོམ་སྒོས་བསྐྱེད་པའི་ནོར་འཛོལ་འཕྱུགས་གསུམ་ཅི་དང་གང་བྱུང་བ་རྩོམ་མཁན་མཁས་པ་དང་ཀློག་མཁན་རྣམ་པའི་སྤྱན་སྔར་འཆགས་སུ་གསོལ་བ་དང་ཆབས་ཅིག་ཏུ། ལས་ཀ་འདིར་འཐུས་ཤོར་ཅི་བྱུང་བ་ལ་དགོངས་འཆར་རྣམ་དག་ལྷུག་སྩོལ་གནང་བའི་རེ་བ་སྙིང་ཁོང་རུས་པའི་གཏིང་ནས་ཞུ་བའོ། །
ཞེས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས།
2021ལོའི་ཟླ11པའི་ཚེས21ཉིན།
མཇུག་བྱང་།
        བརྩམས་ཆོས་འདི་ཁོ་བོས2009ལོ་ནས2019ལོའི་རིང་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མར་གེ་སར་རིག་པའི་སྐོར་གྱི་སློབ་ཁྲིད་བྱེད་སྐབས་སུ་ཁྲིད་གཞིར་བྲིས་པ་ཞིག་ཡིན། འདི་ཐོག་མར་འབྲི་བའི་གོ་རིམ་ཁྲོད་དུ་སྔོན་གྱི་བཀའ་དྲིན་ཅན་གྱི་སློབ་དཔོན་དང་མཁས་ཆེན་དམ་པ་དག་གིས་བརྩམས་པའི་གསུང་ཆོས་རྣམས་དཔྱད་གཞི། དེང་རབས་ཀྱི་རིག་པ་སྨྲ་བ་དག་གི་བློ་གྲོས་ཀྱི་དོ་ར་ལས་ཐོན་པའི་རིག་པའི་མེ་ཏོག་གི་བཅུད་ཅུང་ཙམ་འཇིབས་པའི་སྐལ་བ་རྙེད་པ་བཅས་གཞིར་བྱས། ཡང་བཀའ་དྲིན་གསུམ་ལྡན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཐར་མཆོག་གིས་ལྷག་བསམ་དག་པས་ཡང་ཡང་སྐུལ་འདེབས་གནང་བ་དང་། སྐབས་དེར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ལ་བརྩོན་པའི་ཞིབ་འཇུག་སློབ་བུ་པད་མ་རྒྱལ་ལགས་སོགས་ཀྱིས་ཟོལ་མེད་སྒོས་རོགས་སྐྱོར་བཅས་ལ་བརྟེན་ནས་ཡོངས་སུ་རྫོགས་པར་གྲུབ་པའི་མཐུན་རྐྱེན་སྦྱར་ཏེ། 2012ལོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དུ་ཐོག་མར་པར་སྐྲུན་བགྱིས། དེ་ནས་ཉེ་ལམ་ལོ་འགའི་རིང་ལ། མགོ་ལོག་རྡོ་རྗེ་བསྟན་མི་རིགས་ལག་རྩལ་སློབ་གྲྭའི་སྤྲུལ་རྡོ་རྗེ་བསྟན་མཆོག་གིས་གེ་སར་སྐོར་གྱི་སློབ་དེབ་ཅིག་འབྲི་བའི་དགོས་སྐུལ་ཡང་ཡང་གནང་ཞིང་། 2020ལོར་ཁོ་བོ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོའི་ཐུགས་བཀོད་ལྟར་བོད་ཀྱི་མངོན་མེད་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་དང་རྒྱུན་འཛིན་ཞིབ་འཇུག་བྱ་བའི་རྣམ་གྲངས་ཀྱི་སྣེ་ཁྲིད་པར་བསྐོ་བཞག་བརྒྱུད། ཞིབ་འཇུག་རྣམ་གྲངས་དེའི་གྲུབ་འབྲས་ཀྱི་ཚུལ་དུ་སླར་ཡང་པར་སྐྲུན་བྱེད་པའི་སྐལ་བ་ཐོབ། དཔེ་སྐྲུན་གྱི་བརྒྱུད་རིམ་ཁྲོད་དུ་ཁོ་བོའི་གྲོགས་མཆོག་དམ་པ། བོད་ཀྱི་ཕུལ་བྱུང་རྩོམ་པ་པོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ་གཞོན་པ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ལྷག་བསམ་ཟོལ་མེད་སྒོས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་མ་ཟད། ད་དུང་ལས་བྲེལ་གྱི་བར་གསེང་ལ་སོགས་པ་བེད་སྤྱད་དེ་བརྩམས་ཆོས་འདིའི་མགོ་ནས་མཇུག་བར་དུ་ཞུ་དག་ཆ་ཚང་གནང་སྟེ། རྒྱ་ཆེའི་ཀློག་པ་པོ་དག་གི་སྤྱན་ལམ་དུ་ཕུལ་བའི་ལས་ལ་མཐུན་རྐྱེན་བླ་ན་མེད་པ་སྦྱར་བ་དང་། གཞན་ཡང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་སྒྲོལ་རྩེ་རྒྱལ་ལགས་སོགས་ཀྱིས་ཀྱང་བརྩམས་ཆོས་འདིའི་པར་སྐྲུན་གྱི་དོན་ལ་ཐོག་མཐའ་བར་གསུམ་དུ་རོགས་སྐྱོར་ཚད་མེད་གནང་བས་ན། བརྩམས་ཆོས་འདི་འབྲི་བའི་གོ་རིམ་ཁྲོད་དང་དཔེ་སྐྲུན་གྱི་གོ་རིམ་ཁྲོད་དུ་ཐུགས་ཁུར་དང་རོགས་སྐྱོར་བླ་མེད་གནང་མཁན་གོང་གསལ་གྱི་དཔོན་སློབ་རྣམ་པ་དང་ལས་མཐུན་གྲོགས་པོ་རྣམ་པ། གཉེན་ཉེ་དུ་རྣམས་ལ་སོར་བཅུའི་སྙིམ་པ་སྙིང་གར་སྦྱར་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
        མཇུག་མཐར། «གླིང་སྒྲུང་རིག་པའི་རྣམ་བཤད»ཅེས་བྱ་བའི་བརྩམས་ཆོས་འདི་ཡོངས་སུ་རྫོགས་པར་གྲུབ་ནའང་། འབྲི་བའི་དུས་སྐབས་དག་ཏུ་ལས་ཁུར་གཞན་དང་ནམ་རྒྱུན་གྱི་ཞིབ་འཇུག་གི་བྱ་བའི་ཁུར་རྣམས་དོར་ཐབས་མེད་པས། བར་བར་དུ་འབྲི་མཚམས་འཇོག་དགོས་བྱུང་བ་དང་། བྲིས་རྒྱུན་བསྐྱངས་ཀྱང་དུས་ཚོད་ཀྱི་དབང་གིས་བརྗོད་བྱའི་དོན་ལ་ལར་ཞིབ་ཆ་ཐོན་དཀའ་བ། བརྩམས་ཆོས་འདིར་བཀོད་པའི་ལྟ་བ་རྣམས་མུ་ཅོར་གྱི་གཏམ་དུ་ཟད་སྙམ་པའི་དོགས་སློང་ཡང་འབྱུང་སྲིད་པས། ནོངས་སྐྱོན་ཅི་མཆིས་གཟུར་གནས་མཁྱེན་ལྡན་རྣམས་ཀྱིས་བཟོད་པར་གསོལ་ལོ། །
ཞེས2021ལོའི་ཧོར་ཟླ10པའི་ཚེས9ཉིན་པེ་ཅིན་གྱི་རང་སྤྱིལ་དགའ་བའི་ལྡིང་ཁང་ནས་རྫོགས་པར་སྦྱར་བ་དགེའོ། །
འབྲེལ་ཡོད་འོས་སྦྱོར།