༄༅། །«བོད་སྨན་དཔྱད་རྩོམ་དཀར་ཆག་ཀུན་འདུས»ཞེས་པ་དཔར་བསྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་སྨན་རྩིས།
དུས་ཚོད།:2022-06-27
ཀློག་གྲངས།:
«བོད་སྨན་དཔྱད་རྩོམ་དཀར་ཆག་ཀུན་འདུས་དཔྱད་དོན་སྒོ་བརྒྱ་འབྱེད་པའི་ལྡེ་མིག»ཅེས་པ་འདི་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ལོ་ལྔ་ཙམ་ལ་འབད་པ་སྤྱད་ནས་གྲུབ་པའི་སྨན་རྩིས་གྲངས་མཛོད་སྟེགས་བུའི་རིག་ཚན་ཆེ་མོ་བཅུའི་ཡ་གྱལ་དཔྱད་རྩོམ་གྲངས་མཛོད་ཀྱི་གྲུབ་འབྲས་ཤིག་ཡིན་ལ། ད་ལོའི་ཟླ་༥པའི་ནང་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་འགྲེམས་སྤེལ་བྱས་ཡོད།

དེབ་འདིའི་ནང་དུ་སྤྱི་ལོ་༡༩༨༢ནས་༢༠༢༠ལོའི་བར་གྱི་བོད་སྨན་ཆེད་ལས་ཞིབ་འཇུག་སློབ་མའི་སློབ་གནས་དཔྱད་རྩོམ་དང་བོད་སྨན་ཆེད་གཉེར་གྱི་དུས་དེབ། སློབ་ཆེན་ཁག་གི་རིག་དེབ། བོད་རིག་པའི་འབྲེལ་ཡོད་དུས་དེབ་སོགས་སུ་བཀོད་པའི་སྨན་རྩིས་སྐོར་གྱི་དཔྱད་རྩོམ་དང་། བོད་སྨན་རིག་གཞུང་ཚོགས་འདུའི་དཔྱད་རྩོམ། བོད་སྨན་དཔྱད་རྩོམ་ཕྱོགས་བསྒྲིགས་འགའ་བཅས་དཔྱད་རྩོམ་ཁྲི་གཅིག་ཙམ་གྱི་ཁ་བྱང་དང་རྩོམ་པ་པོ། དུས་དེབ། དེབ་གྲངས། ལོ་དུས་སོགས་ཀྱི་གནས་ཚུལ་གསལ་བོར་བཀོད་ཡོད་དེ། ཞིབ་ཕྲར་སློབ་གནས་དཔྱད་རྩོམ་གྱི་གྲས་སུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་། ཀན་སུའུ་བོད་ལུགས་གསོ་རིག་སློབ་གླིང་བཅས་ནས་སློབ་མཐར་ཕྱིན་པའི་འབུམ་རམས་དང་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས་དཔྱད་རྩོམ་དཀར་ཆག་བཀོད་ཡོད་པ་དང་། དུས་དེབ་དཔྱད་རྩོམ་གྱི་གྲས་སུ་གངས་ལྗོངས་སྨན་རྩིས་དང་བོད་སྨན་སློབ་གསོ་དང་ཞིབ་འཇུག།ཀྲུང་གོའི་བོད་ཀྱི་གསོ་རིག།བོད་ཀྱི་གསོ་རིག་ཞིབ་འཇུག།བོད་ཀྱི་གསོ་རིག་དུས་དེབ། ཡར་ཀླུང་གསོ་རིག །གཙང་ཁུལ་བོད་ཀྱི་གསོ་རིག །ཞང་ཞུང་གསོ་རིག །རྔ་ཁུལ་བོད་ཀྱི་གསོ་རིག །བྱང་ཐང་གསོ་རིག་ཆེད་རྩོམ་ཕྱོགས་བསྡུས་སོགས་བོད་སྨན་ཆེད་གཉེར་དུས་དེབ་ཁག་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་དེབ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་དེབ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་དུས་དེབ་སོགས་སློབ་གྲྭ་ཆེན་མོ་ཁག་གི་རིག་དེབ། ཀྲུང་གོའི་བོད་རིག་པ། བོད་ལྗོངས་ཞིབ་འཇུག །མདོ་སྨད་ཞིབ་འཇུག །བོད་ཀྱི་སློབ་གསོ། བོད་ལྗོངས་ནང་བསྟན། བོད་ལྗོངས་སློབ་གསོ། མཚོ་སྔོན་སྤྱི་ཚོགས་ཚན་རིག །ཟླ་ཟེར། བོད་སྨན་མཐོ་རིམ་སློབ་གསོ། གངས་དཀར་ཏི་སི། ཞང་ཞུང་རིག་གནས། ཀྲུང་གོའི་བོད་ལྗོངས། གངས་ལྗོངས་རིག་གནས། མང་ཚོགས་སྒྱུ་རྩལ། བདག་པོ། གངས་རྒྱན་མེ་ཏོག །མི་རིགས། བོད་ལྗོངས་གསར་པ། བོད་སྐད་ཡིག་ལས་དོན། རྔ་པ་བོད་རིག་པ། སྤང་རྒྱན་མེ་ཏོག །རྩེར་སྙེག་སོགས་བོད་རིག་པའི་འབྲེལ་ཡོད་དུས་དེབ་ཁག་ཏུ་བཀོད་པའི་སྨན་རྩིས་དཔྱད་རྩོམ་དཀར་ཆག །དེ་བཞིན་སྤྱི་ལོ་༢༠༠༤ལོ་ནས་ད་བར་གྱི་ས་གནས་གང་སར་འཚོགས་པའི་བོད་སྨན་ཚོགས་འདུའི་དཔྱད་རྩོམ་དང་བོད་སྨན་དཔྱད་རྩོམ་ཕྱོགས་བསྒྲིགས་གལ་ཆེན་འགའ་བཅས་ཀྱི་སྨན་རྩིས་དཔྱད་རྩོམ་དཀར་ཆག་ཕྱོགས་བསྒྲིགས་བྱས་ཡོད།

དེབ་འདི་སྟོད་སྨད་གཉིས་སུ་དབྱེ་ནས་སྟོད་ཆའི་ནང་དུ་སློབ་གནས་དཔྱད་རྩོམ་དང་དུས་དེབ་དཔྱད་རྩོམ་རྣམས་ཀྱི་དཀར་ཆག་གུང་བསྒྲིགས་ནས་བཞག་རྗེས། ཡང་བསྐྱར་བོད་སྨན་ཞིབ་འཇུག་གི་ལས་སུ་ཞུགས་མཁན་རྣམས་ལ་སྟབས་བདེ་ཡོང་བའི་ཆེད། སྨད་ཆའི་ནང་དུ་དཔྱད་རྩོམ་རྣམས་རིག་ཚན་མི་འདྲ་བ་སོ་སོར་བགར་ཡོད། རིག་ཚན་བགར་སྐབས་བོད་ཀྱི་གསོ་བ་རིག་པའི་གཞུང་གི་ཕྱི་མོ་དཔལ་ལྡན་རྒྱུད་བཞིའི་ནང་དོན་རྩ་བར་བཟུང་སྟེ་དེང་རབས་བོད་སྨན་ཞིབ་འཇུག་ཁྱབ་ཁོངས་དངོས་དང་བསྟུན་ནས་ལོ་རྒྱུས་ཀྱི་སྐོར་དང་ཡིག་ཚང་གི་སྐོར། རྨང་གཞིའི་རིག་གཞུང་གི་སྐོར།༼བཤད་རྒྱུད་གཙོར་བཟུང་ཡོད།༽ནད་ཐོག་གི་སྐོར། ༼དེ་ལ་ནང་གསེས་ཉེས་གསུམ། ཁོང་ནད། ཚ་བ། གཉན་རིམས། ལུས་སྟོད། དོན་སྣོད། གསང་ནད། ཐོར་ནད། ལྷན་སྐྱེས་རྨ། བྱིས་པ། མོ་ནད། གདོན་ནད། མཚོན་རྨ། དུག་ནད། རྒས་དང་རོ་ཙ་བཅས་མན་ངག་རྒྱུད་ཀྱི་སྐབས་བཅོ་ལྔ་རྩ་བར་བཟུང་ནས་དབྱེ་ཡོད།༽ བརྟག་ཐབས་ཀྱི་སྐོར། ༼དེ་ལ་ནང་གསེས་བརྟག་ཐབས་རིག་པ་སྤྱི་བཤད། རྩ་བརྟག །ཆུ་བརྟག །ལྕེ་བརྟག །འཁྲུ་སྐྱུག་ལུད་པར་བརྟག་པ། བརྟག་ཐབས་གཞན་བཅས་སུ་དབྱེ་ཡོད།༽ཟས་སྤྱོད་ཀྱི་སྐོར། སྨན་གྱི་སྐོར།༼དེ་ལ་ནང་གསེས་སྨན་རྫས་རིག་པའི་གཞུང་ལུགས། སྨན་རྫས་ངོས་འཛིན་དང་སྲུང་སྐྱོབ། སྨན་རྫས་འདུལ་སྦྱོང་ལས་སྣོན། ཞི་བྱེད་སྨན་སྦྱོར། སྦྱོང་བྱེད་ལས་བཅས་སུ་དབྱེ་ཡོད།༽དཔྱད་བཅོས་ཀྱི་སྐོར།༼དེ་ལ་ནང་གསེས་གཏར་ག །མེ་བཙའ། དུགས། ལུམས། བྱུག་པ། ཐུར་མ། ཐོར་དཔྱད་བཅས་སུ་དབྱེ་ཡོད།༽ ནད་སྐྱོང་གི་སྐོར། ཐ་མལ་ནད་མེད་ཀྱི་སྐོར། བོད་སྨན་སློབ་གསོ་དང་འཕེལ་རྒྱས་དོ་དམ་སོགས་ཀྱི་སྐོར། བོད་ཕྱི་ཟུང་འབྲེལ་གྱི་སྐོར། གནམ་རིག་སྐར་རྩིས་ཀྱི་སྐོར་ ༼དེ་ལ་སྐར་རྩིས། སྨན་རྩིས་ཟུང་འབྲེལ་གཉིས་སུ་དབྱེ་ཡོད།༽ བཅས་རིག་ཚན་ཆེན་པོ་བཅུ་གསུམ་བགར་ཡོད་པ་དང་། རིག་ཚན་རེ་རེའི་དཔྱད་རྩོམ་རྣམས་ཀྱང་ལོ་ཚིགས་སྔ་ཕྱི་ལྟར་བསྒྲིགས་ནས་རིག་ཚན་དེའི་ཞིབ་འཇུག་གི་ལོ་རྒྱུས་འཕེལ་རིམ་རགས་ཙམ་མཚོན་ཐུབ་པ་བྱས་ཡོད་པས་སྨན་རྩིས་རིགས་པའི་དཔྱོད་ལྡན་ཀུན་གྱི་ལག་ཆ་རུ་འགྱུར་བར་སྨོན།
འབྲེལ་ཡོད་འོས་སྦྱོར།