logo

ཚད་མ་རིག་པའི་སྐོར་གྱི་པོད་ལྔ་བཅུ་པར་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་། དུས་ཚོད།:2022-07-14 ཀློག་གྲངས།:
        སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གིས་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་གནའ་དཔེའི་ལས་དོན་ལ་གཙིགས་ཆེན་དང་རྒྱབ་སྐྱོར་བླ་ལྷག་གནང་བའི་སྐལ་བཟང་དང་བསྟུན། ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་བོད་ཡིག་གནའ་དཔེ་འཚོལ་བསྡུ་དང་མྱུར་སྐྱོབ། ལེགས་སྒྲིག པར་སྐྲུན། རྒྱུད་འཛིན། དར་སྤེལ་གྱི་ལས་ལ་གཞོལ་བཞིན་ཡོད་ཅིང་། རེབ་འདིར་ཚད་མ་རིག་པ་ཕྱོགས་བསྒྲིགས་མུ་འབྲེལ་དཔེ་ཚོགས«ཚད་མ་རིག་པ་ཕྱོགས་བསྒྲིགས་ཆེན་མོ»པོད་ལྔ་བཅུའི་བདག་ཉིད་ཅན་འདི་ལོ་མང་རིང་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བདེ་བླག་ངང་པར་སྐྲུན་ཐུབ་པ་རེད།
        འདིར་པོད་དང་པོ་ནས་སུམ་ཅུ་བར་རྒྱ་གཞུང་གཙོ་བོར་བྱས་ཤིང་། དེར་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་དང་དམིགས་པ་བརྟག་པ་དང་དེའི་འགྲེལ་པ། ཚད་མ་རིག་པར་འཇུག་པའི་སྒོ་སོགས་གཞུང་ཆེན་བཅུ་དང་། སློབ་དཔོན་ཆོས་གྲགས་ཀྱི་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སོགས་གཞུང་ཆེན་དགུ། སློབ་དཔོན་ལྷ་དབང་བློས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ། ཤཱཀྱ་བློའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་བཅས་དང་། གཞན་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པ་དང་ཛ་མཱ་རི། སློབ་དཔོན་ཆོས་མཆོག དུལ་བ་ལྷ་སོགས་འཕགས་ཡུལ་མཁས་པ་སུམ་ཅུས་མཛད་པའི་ཚད་མའི་གཞུང་ཚན་རེ་བརྒྱད་བཞུགས་ཡོད།
        པོད་སོ་གཅིག་ནས་ལྔ་བཅུ་བར་བོད་ཀྱི་མཁས་པས་མཛད་པའི་གཞུང་བཀོད་ཡོད་དེ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་ཚད་མ་རྣམ་པར་ངེས་པ་དཀའ་བའི་གནས་རྣམ་པར་བཤད་པ་དང་། བཅོམ་ལྡན་རིགས་པའི་རལ་གྲིའི་ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་རྒྱན་གྱི་མེ་ཏོག ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་ཚད་མ་དེ་ཁོ་ན་ཉིད་བསྡུས་པ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་ཚད་མ་རིགས་གཏེར་གྱི་རྩ་བ་དང་རང་འགྲེལ། མཚལ་མིན་པ་བསོད་ནམས་བཟང་པོའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ། འབྲུག་པ་པདྨ་དཀར་པོའི་ཚད་མ་མདོ་དང་སྡེ་བདུན་གྱི་དོན་གཏན་ལ་ཕབ་པའི་བསྟན་བཅོས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་དགོངས་རྒྱན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་སྡེ་བདུན་ཡིད་ཀྱི་མུན་སེལ། རྒྱལ་ཚབ་དར་མ་རིན་ཆེན་གྱི་ཚད་མ་རིགས་གཏེར་གྱི་རྣམ་བཤད་ལེགས་པར་བཤད་པའི་སྙིང་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་སོགས་ཀྱིས་མཚོན་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་གྲུབ་མཐའ་དང་ཆོས་བརྒྱུད་རིས་སུ་མ་ཆད་པར་བོད་ཀྱི་མཁས་པ་ཉེར་གསུམ་གྱིས་མཛད་པའི་གཞུང་ཚན་ཉེར་བཞིའི་མ་དཔེ་ལག་སོན་བྱུང་བ་དང་བོད་ཀྱི་ཚད་མ་རིག་པའི་བྱུང་འཕེལ་ལ་དཔྱད་ཞིབ་བགྱིས་ཏེ། རྒྱ་བོད་མཁས་པས་མཛད་པའི་ཚད་མའི་དགོངས་འགྲེལ་གལ་ཆེན་དག་བསྡུ་ཅི་ཐུབ་ཀྱིས་འཆར་འགོད་དང་། འཚོལ་བསྡུ། དག་སྒྲིག་བྱས་ཡོད།
        འདིར་བསྟན་འགྱུར་ཁྲོད་བཞུགས་པའི་བོད་འགྱུར་ཚད་མའི་གཞུང་རྣམས་ཡོངས་སུ་འདུས་པར་བྱས་ཤིང་། བོད་ཀྱི་མཁས་པ་ཉེར་གསུམ་གྱི་དགོངས་འགྲེལ་རྣམས་དང་བཅས་པ་མཛད་པ་པོ་གཅིག་གིས་མཛད་པའི་གཞུང་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་དྲིལ་ཞིང་འཁྲུངས་འདས་ཀྱི་ལོ་ཚིགས་ལྟར་བསྒྲིགས་ཡོད། ཞུ་དག་བྱེད་པའི་སྐབས་སུ་སྡེ་དགེའི་ཤིང་པར་བསྡུར་བྱར་བཟུང་ཞིང་། གཙང་པར་མ་དང་བླ་བྲང་པར་མས་མཚོན་པའི་ཤིང་པར་མི་འདྲ་བ་ཁག་དང་། དབུ་ཅན་དང་དབུ་མེད་ཀྱི་ཕྱག་བྲིས་མ་མང་པོ་སྡུར་བྱེད་དུ་བཟུང་ལ། ཀྲུང་གོ་བོད་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་མ་དང་མི་རིགས་དཔེ་སྐྲུན་ཁང་གི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་སོགས་ཚད་ལྡན་དཔེ་དེབ་གང་ཇི་སྙེད་དཔེར་བཟུང་གིས་ཞུ་དག་ནན་ཏར་བྱས་ཏེ་མ་ཡིག་ལས་འབྲི་སྟངས་མི་འདྲ་བ་རྣམས་འོག་མཆན་དུ་བཀོད་ཡོད། དེས་ཚད་མའི་གཞུང་ལ་སློབ་གཉེར་དང་ཞིབ་འཇུག་གནང་མཁན་རྣམས་ལ་ཀློག་བདེ་བ་དང་འཚོལ་སླ་བའི་དགེ་མཚན་བསྐྲུན་པར་མ་ཟད། བོད་ཀྱི་ཚད་མ་རིག་པའི་བྱུང་འཕེལ་ལ་རྒྱུས་ལོན་དང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའོ། །
འབྲེལ་ཡོད་འོས་སྦྱོར།