logo

དགུ་རོང་སྤུན་གྲོལ་གྱིས་བརྩམས་པའི«འཇིག་རྟེན་བསྐྱར་བརྟགས»ཞེས་པ་དཔེ་བསྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2022-07-21 ཀློག་གྲངས།:
        ཉེ་ཆར། གྲལ་ཟུར་དགུ་རོང་སྤུན་གྲོལ་གྱིས་བརྩམས་པའི«འཇིག་རྟེན་བསྐྱར་བརྟགས»ཞེས་པའི་དེབ་གསར་འདི་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
        དེབ་འདིའི་བརྗོད་དོན་གཙོ་བོ་ནི་རང་བྱུང་ཚན་རིག་དང་འབྲེལ་པའི་ལོ་རྒྱུས་སྔོན་གྱི་ཡོར་ཨེ་ཤེ་ཡའི་གནའ་བོའི་བསམ་བློའི་དཔལ་ཡོན་གྱི་འགོ་ཁུངས་སྤྱི་དང་སྒོས་སུ་མདོ་དབུས་མཐོ་སྒང་གི་བསམ་བློའི་དཔལ་ཡོན་གྱི་འགོ་ཁུངས་ཐད་ལ་འབྲེལ་ཡོད་པ་དང་། འདིའི་མཐའ་དཔྱོད་བྱ་ཡུལ་དང་དོགས་པ་དང་ཐེ་ཚོམ་གྱིས་བལྟ་ཡུལ་གཙོ་བོ་ནི་འཛམ་གླིང་ལྒང་ན་གཙོ་རྒྱུགས་སུ་གྱུར་པའི་ཆེད་མཁས་པ་ཁག་ཅིག་གི་འགྲེལ་ཚུལ་ཡིན་པས། ཐོག་མར། ཁོང་ཅག་གི་ལྷ་སྒྲུང་དང་ཡིག་ཚང་གི་འགྲེལ་ཚུལ་ནི་དུས་ཀྱི་བརྒྱུད་རིམ་ཁྲོད་ནས་གནས་འགྱུར་ཇི་ལྟར་ཕྱིན་པའི་ལོ་རྒྱུས་རགས་བསྡུས་དང་། གནའ་རྫས་རྟོག་དཔྱོད་རིག་པ་དང་རྒྱུད་འདེད་རིག་པ། བརྡ་རྟགས་རིག་པ་བཅས་བྱུང་ནས་གནའ་བོའི་དཔལ་ཡོན་གྱི་འགོ་ཁུངས་བཀྲལ་པའི་ཡིག་ཚང་དག་ནི་ཡུལ་དུས་ཀྱི་དབང་དུ་གྱུར་པའི་འགྲེལ་ཚུལ་ཅིག་ཡིན་པར་ར་སྤྲད་ནས། གནའ་བོའི་བསམ་བློའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་བཅས་ལ་རང་བྱུང་ཚན་རིག་གི་ལྟ་སྟངས་གསར་པ་དང་འགྲེལ་སྟངས་གསར་པ་བྱུང་པས་རང་ཉིད་ཀྱང་གནའ་ཤུལ་གྱི་དཔྱད་འབྲས་གཞི་བཅོལ་ནས་དེའི་ནང་མཉམ་ཞུགས་བྱས་ཡོད་ཚུལ་བསྡུས་ཡོད།
        ལེའུ༡༩བྲིས་ཡོད་པའི་ཁྲོད་ནས་ལེའུ༡-༡༠དབར་གཞན་གྱི་འགྲེལ་ཚུལ་གཙོར་བརྗོད་བྱས་ཡོད་པ་དང་། ལེའུ༡༡-༡༨དབར་གཞན་གྱི་འགྲེལ་ཚུལ་དང་མཉམ་དུ་བདག་གི་འགྲེལ་ཚུལ་དམིགས་འདོན་བྱས་ཡོད། ལེའུ༡༩པའི་ནང་གཞན་གྱི་འགྲེལ་ཚུལ་དང་མཉམ་དུ་བདག་གི་འགྲེལ་ཚུལ་དམིགས་འདོན་བྱས་པའི་སྒྲུབ་བྱེད་གནད་བསྡུས་དང་། དེའི་ཚེ་དེ་དུས་ཀྱི་སྒྲུབ་དཔང་མ་རྙེད་པའི་ཞན་ཆ་དང་། དེབ་འདིའི་ནང་གི་བརྗོད་གཞི་ལ་དུས་ཚོད་ཀྱི་ཆ་ནས་བར་ཐག་རིང་ཡང་གནས་ཚུལ་གྱི་ཐད་ནས་འབྲེལ་བ་ཉེ་བའི་ཡིག་ཆས་ཟུར་བརྒྱན་ཏེ། ལྷ་སྒྲུང་གི་ཕག་ཏུ་བཀབ་པའི་དོན་དངོས་དང་ཚན་རིག་གི་གྲུབ་དོན་གཉིས་ཀྱི་བསྡུར་པ་ཞེས་པའི་ཚན་པ་དང་ལྷན་ཏུ་དེབ་འདིའི་མཇུག་རེ་ཞིག་བསྡུས་ཡོད་པས། དཔྱད་ཅིང་བརྟག་པར་གལ་ཆེ། རྒྱུ་མཚན་ནི། ང་ཚོའི་མཐར་ཐུག་གི་དམིགས་བྱ་ནི་གང་ཞིག་བཀྲལ་པའི་དོན་དེ་གཏན་ཁེལ་དང་མཚན་ཉིད་འཇོག་བགྱི་དེ་མ་ཡིན་པར་གཞན་གྱི་འགྲེལ་ཚུལ་དང་རང་གི་འགྲེལ་ཚུལ་གཉིས་གོ་ས་གཅིག་ཏུ་བཞག་སྟེ། ཅུང་ཟད་བདེན་པའི་ཆ་སུ་ལ་ཡོད་མེད་ཐད་ནས་ཀློག་མཁན་རྣམས་ཀྱིས་བགྲོ་གླེང་དང་དོ་སྣང་བྱེད་པའི་ཁོར་ཡུག་བསྐྲུན་བགྱི་དེ་ཡིན་པས། གཞན་གྱི་འགྲེལ་ཚུལ་ཐང་མ་བཞིན་གཅལ་ཏུ་བཀྲམ་ནས་ད་ལྟའི་ཚུན་ལ་མངོན་གྱུར་བྱུང་པའི་དཔྱད་གཞི་ལ་བརྟེན་ནས་རང་གི་འགྲེལ་ཚུལ་ཚོམ་བུ་བཞིན་སྤུང་བར་བྱེད་པ་ནི་བསྐྱར་བརྟགས་བྱེད་པའི་དགོས་དམིགས་གཙོ་བོ་ཞིག་ཡིན།
        དེབ་འདིར་འཁོད་པའི་རིག་ཚན་སྣ་མང་སྟེ། དེང་རབས་ཕྱི་མའི་ས་ཁམས་ཚན་རིག་གི་འགྲེལ་ཚུལ་ཡིན་པའི་གངས་ཟླུམ་གོ་ལ་རིག་པ(Snowball Earth)དང་། གླིང་ཆེན་འཕྱོ་གཡེང་རིག་པ(continental drift)དང་། གླིང་དུམ་གྱེས་གྱེད་རིག་པ(Plate tectonics)དང་། ས་བྲག་བྱུང་དུས་རིག་པ(Geochronology)དང་། གོ་ལ་ཕྱི་ངོས་རིག་པ(Geomorphology)དང་། སྐྱེ་དངོས་རིག་པའི་འགྲེལ་ཚུལ་ཡིན་པའི་སྲོག་ཆགས་ས་ཁམས་རིག་པ(zoogeography)དང་། འཕེལ་འགྱུར་རིག་པ(Evolutionary)དང་། འཁྱགས་རོམ་རིག་པ(Glacier Science)དང་། ལོ་རྒྱུས་གནམ་གཤིས་རིག་པ(Historical climatology)དང་། རིགས་རྫས་ཚན་རིག(Genetic Science)དང་། འགྲོ་མི་སྐྱེ་དངོས་རིག་པ(Human biology)དང་། བསམ་སྦྱོར་ལྟོས་གྲུབ་རིག་པ(Determinism)དང་། འཛིན་སྟངས་ཚན་རིག(Cognitive Science)བཅས་ཀྱི་ཚན་རིག་དུ་མ་ཞིག་གི་འགྲེལ་ཚུལ་འཇིག་རྟེན་བསྐྱར་བརྟགས་ཀྱི་རིག་པ་འདིའི་རྒྱབ་ལྗོངས་བྱས་ཡོད་པས། ཁྱེད་ཀྱིས་དེབ་འདིའི་ལེའུ༡-༡༩དབར་བཀླགས་ན། བསྐྱར་དཔྱད་ཀྱི་ལྟ་བའི་རྒྱབ་ལྗོངས་ཇི་ལྟར་ཡིན་པའི་ཚུལ་ཤེས་བཏུབ།
        མདོར་ན། དེབ་འདིའི་གཞུང་དངོས་གཞི་མ་བཀླག་སྔོན་ལ་ངེས་པར་འགྲེལ་དགོས་པའི་ཚན་པ་གསུམ་རགས་བསྡུས་ཀྱིས་བཀྲལ་ཏེ་ཁ་སྣོན་གཅིག་བརྒྱབ་ན། དེབ་འདིའི་སྒྲོམ་གཞི་ནི་ནུབ་ཕྱོགས་པས་དཔལ་ཡོན་གྱི་འགོ་ཁུངས་ངོས་འཛིན་བྱེད་ལུགས་ཀྱི་བྱུང་འཕེལ་གཅིག་དང་། འཛམ་གླིང་གི་རིག་གནས་འཕེལ་པའི་འགྱུར་ལྡོག་གི་འགྲོས་ལྟར་དཔལ་ཡོན་གྱི་འགོ་ཁུངས་ངོས་འཛིན་བྱེད་ལུགས་ཕྱི་མ་དག་ནི་སྔ་མའི་སྔ་མ་ལས་སྣེ་མང་དང་ཇེ་ཞིབ། རྫས་ཀྱི་རྟགས་མཚན་དང་དཔང་རྟགས་ལ་གཞི་བཅོལ་པའི་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ་གཉིས་དང་། ཕྱི་ལོ་ཚུགས་པའི་ཚུན་ཆད་ཀྱི་འགྲེལ་ཚུལ་རྣམས་ཕྱོགས་བསྡོམས་ཀྱིས་ད་ལྟའི་དུས་སྐབས་ཀྱི་རིག་ཚན་གསར་མ་དག་གི་མཐོང་སྣེ་སྤྱད་ནས་ད་ལྟ་དང་དུས་ཀྱི་བསྐལ་པས་ཆོད་པའི་རྒྱང་ཐག་རིང་པོ་ཞིག་གི་སྣོད་བཅུད་དང་དཔལ་ཡོན་ལ་བསྐྱར་བརྟགས་བྱས་པའི་སྐྱ་ཐིག་གསུམ་གྱིས་གྲུབ་ཡོད།
འབྲེལ་ཡོད་འོས་སྦྱོར།