༄༅། །«སྙན་སྒྲོན་སྒྱུ་རྩལ་གླེང་བ»ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-07-26
ཀློག་གྲངས།:
སྤྱི་ལོ2022ལོའི་ཟླ7པའི་ཚེས22ཉིན་ནི་མཚོ་སྔོན་བོད་སྐད་རླུང་འཕྲིན་བསྒྲུབས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཉིན་མོ་རེད། ལོ་རྒན་བདུན་ཅུའི་འཁྲུངས་སྐར་གྱི་ཉིན་མོ་འདིར་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་སྙན་སྒྲོན་པ་འབྲུག་མོས་རང་གི་ལོ་མང་རིང་བསགས་པའི་བྱ་བའི་ཉམས་མྱོང་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས།«སྙན་སྒྲོན་སྒྱུ་རྩལ་གླེང་བ»ཞེས་པའི་དཔེ་དེབ་ཅིག་ཆེད་དུ་པར་སྐྲུན་བྱས་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལོ་རྒན་བདུན་ཅུའི་འཁྲུངས་སྐར་ལ་སྐྱེས་སུ་ཕུལ་བའོ། །

འབྲུག་མོ་ལགས། རྟེན་འབྲེལ་ཞུ། ཕ་བཟང་གི་བུ་མོ།
སྒོ་མེ་རྡོ་རྗེ་རིན་ཆེན།
འབྲུག་མོ། མིང་འདི་ནི་མཚོ་སྔོན་བོད་སྐད་རླུང་འཕྲིན་ལ་ཉན་པར་གོམས་པའི་མི་ཞིག་ལ་མཚོན་ན། ཤིན་ཏུ་ཆ་རྒྱུས་ཡོད་པའི་མིང་ཞིག་ཡིན་སྲིད། འབྲུག་མོ། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་མིང་དུ་གྲགས་པའི་དབུ་འཛིན་སྙན་སྒྲོན་པ། ཆེད་རྩོམ་ཕྱོགས་བསྡུས་དཔེ་དེབ་འདིའི་རྩོམ་པ་པོའོ། །
ལོ་ངོ་སུམ་ཅུའི་ཡར་སྔོན་ལ། འབྲུག་མོས་མཚོ་སྔོན་མི་རིགས་སློབ་གླིང་གི་སློབ་ཐོན་ལག་ཁྱེར་བཟུང་སྟེ། མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་སྒོ་ཐེམ་བརྒྱུད་ནས་སྤྱི་ཚོགས་སྟེང་གོམ་པ་དང་པོ་སྤོས། མོའི་བཤད་ཚུལ་ལྟར་ན། དེ་ནི་ཆུང་དུས་ཀྱི་རྨི་ལམ་དེའི་འཕྲོ་བསྐྱངས་པ་ཡིན་ལ། མོ་རང་ཤ་ཡི་གསེང་དང་། རུས་པའི་གཏིང་ནས་དགའ་བའི་ཕུགས་བསམ་གྱི་ཆེད་དུ་ལག་ཐོག་དོན་ལ་ཕྱོགས་པ་ནི། རང་ཉིད་ལམ་ལྷོང་ལེགས་འགྲུབ་ཡོང་བའི་གྲོགས་སུ་གྱུར་པ་ཡིན་ཟེར། བདེན་པ་རེད། ཉིན་དེ་ནས་བཟུང་སྟེ། གཟི་བརྗིད་ཀྱི་བཀྲག་མདངས་འཚེར་ཡང་ངོམ་འཕྱར་གྱི་རྫུ་བག་མེད་ལ། དགོས་འཛོམས་ཀྱི་ཤེས་བྱས་བརྟས་ཀྱང་སྟོང་འུད་ཀྱི་ཚུལ་འཆོས་མེད་པ། རྨད་བྱུང་གི་མཛེས་པ་ལྡན་ཡང་རང་ཆེ་ཡི་སྲོལ་བསྟོད་མེད་པ་བཅས། མོར་སྤྲོ་བ་དང་རང་རྟོན་ཚད་མེད་སྟེར་བར་བྱེད་ཅིང་། སེམས་གཏམ་སྲོང་པོར་བརྗོད་ཆོག་པའི་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྙན་སྒྲོན་བྱ་བ་དེ། མོ་རང་ཉིད་ཀྱི་མི་ཚེ་གཅིག་གི་རེ་ལྟོས་སུ་གཏམས་ཤིང་། ཡོད་ཚད་ལས་དོན་དེའི་ཕྱོགས་སུ་ཕངས་མེད་དུ་སྟོབ་པར་བྱ་བའི་གཏན་འདུན་ལ་རྩེ་གཅིག་གིས་གཞོལ་ལོ། །
དེ་ལྟར། འཚོ་བར་དུང་ཞིང་ཞེན་ལ། སྙན་སྒྲོན་ལ་མོས་འདུན་ཆེ་བའི་གཞོན་ནུ་མ་ཞིག ལོ་ཐོག་ཟླ་བརྩེགས་ཀྱི་དུས་ཡུན་རིང་མོའི་ནང་། རླུང་འཕྲིན་སྒྲ་དུང་དང་ཁ་གཏད་སེམས་འཕྲད་ཀྱི་བྱམས་གཟིགས་འདྲིས་ཆ་མཐར་ཕྱིན་པ་སོང་མཐར། ལྗང་མཉེན་གྱི་གང་བུ་ཞིག་ངང་གིས་འཛུམ་སྟོང་གྲོལ་བའི་མཚར་སྡུག་མེ་ཏོག་ཅིག་ཏུ་བཞད་ཅིང་། རླུང་འཕྲིན་གློག་རླབས་ཀྱི་ལྡེམ་ལྕུག་ཁུལ་ཞོ་ཁྲོད་རིམ་གྱིས་གཉོམ་ལག་རྒྱས་པའི་སྙན་སྒྲོན་པ་གྲགས་ཅན་ཞིག་ཏུ་གྱུར་ཏོ། །
ད་ལོ། བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་མོར། འབྲུག་མོ་དང་མོའི་ལས་གྲོགས། མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་བསླབ་ཟབ་རྩོམ་སྒྲིག་པ་སྒྲོལ་མ་སྐྱིད་རྣམ་གཉིས་ནམ་རྒྱུན་དང་མཚུངས་པར་ངའི་ཁྱིམ་དུ་ལོ་གསར་ལ་འོངས། ད་ལོ་ཁོ་མོ་རྣམ་པ་གཉིས་ཀྱིས་གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་ཡག་པོ་དང་བཅས་ཏེ། སྔོན་དང་མི་འདྲ་བའི་ལེགས་སྐྱེས་ཁྱད་པར་ཅན་ཞིག་ཁྱེར་ནས་ཡོད་པ་ནི། པར་དུ་སྒྲིག་ཟིན་པའི་བོད་ཡིག་གི་མ་ཕྱི་བརྩེགས་མ་ཞིག་རེད། འབྲུག་མོས་བདག་གི་ལག་ལ་མ་ཕྱི་བརྩེགས་མ་དེ་འཇོག་ཞོར་དུ། “རྒན་ལགས། འདི་ནི་ངས་ལོ་དུ་མང་རིང་ལས་ཞོར་དུ་བྲིས་པའི་ཆེད་རྩོམ་དང་འབྲེལ་ཡོད་བཅར་འདྲིའི་སྐོར་གྱི་རྩོམ་ཡིག་ཕྱོགས་བསྡུས་ཀྱི་མ་ཕྱི་ཡིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ད་ལོར་པར་སྐྲུན་བྱ་འཆར་ཡོད། ཁྱེད་ནི་རླུང་འཕྲིན་པ་རྒས་གྲས་ཡིན་པའི་ཆ་ནས། ངའི་མ་ཕྱི་འདིར་དག་བཅོས་རེ་གནང་རྒྱུ་དང་གླེང་གཞི་ཞིག་ཀྱང་འབྲི་རོགས”ཞེས་རེ་བ་ནན་ཞུ་བྱས།
ངའི་སེམས་ལ་དེ་མུར་སྤྲོ་སྣང་ཞིག་རྒྱས་ཏེ། རང་རེའི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ལས་དོན་སྟེང་། སྙན་གྲགས་ཀྱི་བ་དན་མདོ་དབུས་ཁམས་གསུམ་དུ་གཡོ་བའི་སྙན་སྒྲོན་པ་དུ་མ་འཁྲུངས་མྱོང་མོད་ཀྱང་། རིན་ཆེན་གསེར་ལས་བྲིན་པའི་རང་ཉིད་ཀྱི་མི་ཚེ་གཅིག་གི་བྱ་བའི་ཉམས་མྱོང་དང་། ཤེས་རྟོགས། བསླབ་བྱ་ཅི་རིགས་པ་ཡིག་ངོར་བཀོད་དེ། མི་རབས་རྗེས་མར་མ་ནོར་ལམ་བཟང་དུ་འཁྲིད་བྱའི་ཆེད་རྩོམ་ཤུལ་ནོར་དུ་བཞག་པ་གཅིག་ཀྱང་མ་བྱུང་། དེ་ནི་ཕངས་སེམས་སྐྱེས་པ་ཞིག་ཡིན་ནའང་། ད་ལྟ་བོད་སྐད་རླུང་འཕྲིན་གྱི་མི་རབས་ལྔ་བའི་སྙན་སྒྲོན་པ། འབྲུག་མོ་ལགས་ཀྱིས་ཕ་སྐད་དག་མོའི་ལམ་ནས་ཡིག་འབྲུ་ཁྲི་ཚོ་བཅུ་ཕྲག་ཡོད་པའི་བོད་སྐད་སྙན་སྒྲོན་སྐོར་གྱི་ཆེད་རྩོམ་དཔེ་དེབ་འདི་བརྩམས་པ་ནི། མི་རབས་སྔོན་མའི་སྟོང་ཆ་དེ་བསྐངས་པའི་ཞོར་ལ། མི་རབས་རྗེས་མར་མིག་ལྟོས་བཟང་པོ་ཞིག་བཞག དེ་ནི་གསར་གཏོད་རང་བཞིན་གྱི་ལོ་རྒྱུས་དོན་སྙིང་ལྡན་པའི་བྱ་གཞག་བླ་ན་མ་མཆིས་པ་ཞིག་ཡིན་པས། རྗེས་སུ་ཡི་རང་དང་དགའ་མགུ་དང་བསྟོད་བསྔགས་བྱེད་འོས་པ་ནི་ལྟ་ཅི་སྨོས། དེའི་ཕྱིར། རིག་པའི་གནས་ཀུན་འཇལ་བའི་མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་འབྲུག་མོ་ལགས་ཀྱི་བོད་ཡིག་ཆེད་རྩོམ་དཔེ་དེབ་འདི་པར་དུ་བསྐྲུན་པའི་འཆར་བཀོད་དུ་བཞག་པའང་། དོན་སྙིང་དེ་དང་འབྲེལ་བ་ཤིན་ཏུ་ཆེ་སྙམ་མོ། །

འབྲུག་མོ་ལགས། རྟེན་འབྲེལ་ཞུ། ཕ་བཟང་གི་བུ་མོ།
མཚན་མོར། མ་ཕྱི་བརྩེགས་མ་དེ་ཤོག་ཁུག་ལས་ཕྱུང་སྟེ་བདག་གིས་ཞིབ་ཏུ་ལྟ་མགོ་བརྩམས། ཆེད་རྩོམ་གྱི་མ་ཕྱི་རེ་རེ་བཞིན་བལྟས་པ་དང་བཅས་ཏེ། དཔེར་ན་སོས་ཀའི་རྣང་ཞིང་གྲུ་བཞི་ལས་ཐོན་པའི་ལྗང་མྱུག་གི་སྔོ་དྲི་ཞིམ་པོ་ཞིག་སྣ་སྒོར་ལང་ལོང་གིས་ལྡང་ནས་ཐོན་པ་བཞིན། སྟོན་ཀའི་གསེར་མདོག་གི་རྣམ་པ་ཞིག་མིག་ལམ་ལ་ཤར་མར་འཆར་ནས་ཐོན་པ་བཞིན། གཡུར་དུ་ཟ་བའི་འབྲས་བུ་རེ་རེ་ལྗིད་ཀྱིས་དུད་པའི་དགེ་བའི་མཚན་དུ་མ་ཞིག་གསལ་ལྷང་ལྷང་མངོན་ནས་ཡོང་བ་བཞིན། ཆེད་རྩོམ་རེ་རེ་ནང་མི་གཤིས་ཀྱི་གཟི་མདངས་ཤིག་གིས་ཀུན་ནས་སྤུད་ཅིང་། བུད་མེད་དར་མ་ཞིག་གི་བསམ་པའི་འཕེལ་རིམ་དང་བྱ་བའི་བརྒྱུད་རིམ། ལག་ལེན་ཁྲོད་ཐོབ་པའི་མྱོང་ཚོར་དང་། ཤེས་རྟོགས། ཉམས་མྱོང་སོགས་ཟིན་བྲིས་སུ་བཏབ་ཡོད་པས། འབྲུག་མོས་རིག་གཞུང་ལ་བཅངས་པའི་བརྟན་ནན་གྱི་རྣམ་འགྱུར་དང་། འགྱུར་མེད་ཞེན་འཛིན་གྱི་རང་ཚུགས་གང་ལེགས་ཀྱིས་མཚོན་ཡོད་པར་མ་ཟད། བོད་པའི་བུད་མེད་མཛངས་མ་ཞིག་གི་རིག་གཞུང་ལས་ཐོབ་པའི་ཤེས་རབ་དང་། ལག་ལེན་ལས་འབྱོངས་པའི་བློ་གྲོས་མཐོང་ཐུབ་བོ། །མདོར་ན། བོད་ཡིག་གི་མ་ཕྱི་བརྩེགས་མ་འདི་བཀླགས་རྗེས། བདག་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་ནི། མི་ལོ་བཅུ་ཤས་རིང་གི་སེམས་ཀྱི་རྩོལ་བ་བརྒྱུད་ནས་བརྩམས་པའི«སྙན་སྒྲོན་སྒྱུ་རྩལ་གླེང་བ»ཞེས་པའི་དཔེ་དེབ་འདིའི་རྩོམ་པ་པོ་ནི། འགན་འཁྲིའི་བསམ་པ་དང་། འགན་ལེན་གྱི་བསམ་པ། ཉམས་ཉེན་གྱི་བསམ་པ་བཅས་ཤུགས་དྲག་ལྡན་ཞིང་། ཆེད་ལས་རིག་གཞུང་གི་རྨང་གཞི་བརྟན་པ་དང་། གསར་གཏོད་ཀྱི་སྙིང་སྟོབས་དང་། སྙན་སྒྲོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཡོད་པའི་འཇོན་མི་ཞིག་ཡིན་ཕྱིར།མོའི་ཆེད་རྩོམ་ཕྱོགས་བསྡུས་དཔེ་དེབ་འདིས། ཀློག་པ་པོ་གང་མང་མང་དང་། སྒོས་སུ་རླུང་འཕྲིན་དང་བརྙན་འཕྲིན་སྡེ་ཁག་གི་གསར་གཞོན་ཆེད་ལས་ཀློག་པ་པོ་རྣམས་ཀྱི་བློ་སྒོ་འབྱེད་པའི་ལྡེ་མིག་དང་། དཔེ་གཞིར་འཛིན་པའི་མེ་ལོང་ལྟ་བུའི་ནུས་པ་འདོན་ཐུབ་ལ་ཐོན་ཐུབ་པའི་སྨོན་འདུན་དང་བཅས་ཏེ། དཔེ་དེབ་འདིའི་རྩོམ་པ་པོ་འབྲུག་མོ་ལགས་ཀྱི་སྙིང་གཏམ་དུམ་བུ་ཞིག་གིས་གླེང་གཞི་འདིའི་མཇུག་བསྡུ་བར་བྱ།
“རང་ཉིད་མདུན་དུ་འཁྲིད་མཁན་རང་ཉིད་ལས་གུད་ན་མེད་ཅིང་། མི་ཚེ་ཡི་རིན་ཐང་རྔུལ་ཆུ་ཁོ་ནས་བསྐྲུན་དགོས་པས། ང་ཅི་མ་ཡིན་ལ་སྡོད་མི་འདོད་ཅིང་ཅི་མ་ཡིན་ལ་སྡོད་མི་བཟོད། རང་ཉིད་ཀྱི་ཆུ་ཚད་རང་ཉིད་ཀྱིས་ཤེས་ན་ཡང་། རང་ཉིད་ཀྱི་ནང་རྫོང་རང་ཉིད་ལ་གསལ་ན་ཡང་། ངས་རང་ཉིད་ཀྱི་མི་ལོ་སུམ་ཅུ་རིང་གི་སྙན་སྒྲོན་གྱི་ཉམས་མྱོང་ཕྲན་བུ་དག་འདི་ནས་ཅིས་ཀྱང་བརྗོད་པར་འདོད། །”
སྤྱི་ལོ2022ལོའི་ཟླ3ཚེས5ཉིན།
སྒོ་མེ་རྡོ་རྗེ་རིན་ཆེན། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཐའེ་ཀྲང་གཞོན་པ་ཟུར་པ།

འབྲུག་མོ་རྒྱལ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྙན་སྒྲོན་ཁྲིད་སྟོན་པ། 1969ལོར་གཅན་ཚ་རྫོང་སྣང་ར་ཞང་གྲམ་པ་ནང་སྡེ་བར་སྐྱེས། 1993ལོར་མཚོ་སྔོན་མི་རིགས་སློབ་གླིང་ནས་མཐར་ཕྱིན་རྗེས་ཐད་ཀར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ལས་བགོས་བྱས་ནས། བོད་སྐད་རླུང་འཕྲིན་གྱི་སྙན་སྒྲོན་པ་དང་མདོ་འཛིན་པའི་བྱ་བ་གཉེར། ད་ལྟ་མོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི་བོད་སྐད་སྙན་སྒྲོན་གྱི་ཁྲིད་སྟོན་པ་ཡིན་ལ། མོས་སྔ་རྗེས་སུ་བོད་སྐད་རླུང་འཕྲིན་གྱི«གསར་འགྱུར་མཉམ་སྒྲོག»དང་། «གངས་ལྗོངས་གསེར་ཟམ» «བར་སྣང་འཕྲིན་གྱི་ཕོ་ཉ» «བདེ་ཐང་མཛུབ་སྟོན»སོགས་ལེ་ཚན་མང་པོར་སྙན་སྒྲོན་དང་མདོ་འཛིན་བྱས་མྱོང་བར་མ་ཟད། ད་དུང་བསྟུད་མར་ལོ་བཅོ་ལྔ་ཙམ་གྱི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་ལས་བྱེད་མི་སྣར་སྐོང་འཐེན་བྱས་ནས་ལོ་ཙཱ་དང་ཐད་གཏོང་གི་སྙན་སྒྲོན་བྱ་བའང་བསྒྲུབས་མྱོང་། རང་འཁྲིའི་བྱ་བ་ལེགས་པོར་སྒྲུབ་པའི་ཞོར་དུ་སྔ་རྗེས་སུ་དཔྱད་རྩོམ་དང་རྒྱས་འཕྲིན་སོགས་རྩོམ་ཡིག་བཅུ་ལྷག«རྩེར་སྙེག»དང«ཀྲུང་གོའི་བོད་ལྗོངས»སོགས་དུས་དེབ་སྣ་ཚོགས་སྟེང་སྤེལ་མྱོང་བ་དང་། རྩོམ་སྒྲིག་དང་བཅར་འདྲི། སྙན་སྒྲོན་དང་གྱེར་འདོན་བྱས་པའི་ལེ་ཚན་མང་པོར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་གང་མང་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།