logo

«རྩོམ་པའི་རྣམ་གཞག་རིག་པའི་སྒོ་འབྱེད»ཅེས་པ་པར་དུ་བསྐྲུན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-08-11 ཀློག་གྲངས།:
ཐོག་མའི་གླེང་སློང་བ།
        སློབ་དཔོན་ཙནྡྲ་གོ་མིས། གང་ཕྱིར་མཁས་པའི་ལས་གསུམ་ལས། །རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་ནམ་ཡང་མི་འཁྲུལ་བའམ་ཡང་ན་རང་གི་ལྟ་བ་ངོ་མ་མངོན་ཡོང་བ་ནི་རྩོམ་པ་ཡིན་པར་འདོད་ཅིང་། རིན་སྤུངས་ངག་དབང་འཇིག་གྲགས་ཀྱིས། མཁས་བླུན་ཁྱད་པར་རྩོམ་པའི་བསྟན་བཅོས་ཀྱི། །ཚིག་སྦྱོར་ལེགས་ཉེས་རྗེས་སུ་འགྲོ་ལྡོག་ཅིང་། །ཞེས་དང་། ཨ་ལག་ཤ་བསྟན་དར་ལྷ་རམས་པས་ཀྱང་། མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན། །རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། །ཞེས་རྩོམ་ཚུལ་གྱི་རིག་པའི་གལ་ཆེན་རང་བཞིན་བསྟན། དེ་བཞིན་དུ་དེང་གི་དུས་སུའང་། སྤུས་ཚད་སློབ་གསོ་ནི་དུས་རབས་གསར་པའི་སློབ་གསོའི་འགྱུར་ཁུགས་གཙོ་བོ་ཡིན་པ་དང་། རྨང་གཞིའི་བསླབ་ཚན་དུ་གྱུར་པའི་རྩོམ་འབྲིའི་བསླབ་ཚན་ནི་སྤུས་ཚད་སློབ་གསོ་ལག་ཏུ་བསྟར་བའི་རིག་ཚན་གཙོ་བོ་ཞིག་ཡིན། དེ་ཡིས་སློབ་མའི་བསམ་གཞིགས་ཀྱི་ནུས་པ་དང་གོ་བརྡ་སྤྲོད་པའི་ནུས་པ་མཐོར་འདེགས་བྱེད་ཐུབ་པ་ལས་གཞན། ད་དུང་སློབ་མའི་བསམ་བློའི་གཤིས་ཀ་དང་། མཛེས་འཛིན་གྱི་བློ་སྦྱོང་། སེམས་ཁམས་སྤུས་ཚད། གསར་གཏོད་ཀྱི་ནུས་པ་སོགས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་ཁུར་ཆེན་འགན་དུ་བླངས་ཡོད།
        རྩོམ་འབྲི་ནི་མིའི་རིགས་ལ་ཡི་གེ་བྱུང་བ་ནས་བཟུང་སྟེ་ཁྱད་པར་ཅན་གྱི་ངལ་རྩོལ་ཞིག་ཡིན་ཞིང་། དེ་ཡིས་མིའི་རིགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྔོག་འདོན་དང་། ཐོ་འགོད། འཕེལ་རྒྱས་གཏོང་བར་མ་ཟད། མི་སྒེར་འཚར་ལོངས་ཀྱི་ལམ་ཁ་རུ་ནུས་པ་གལ་ཆེན་འདོན་པས་སྔར་ནས་བཟུང་མི་རྣམས་ཀྱིས་གཙིགས་ཆེན་དུ་འཛིན། བགྲང་བྱའི་གོམ་སྟབས་དུས་རབས་ཉེར་གཅིག་གི་སྒོ་ཐེམ་དུ་སྤོས་པའི་དུས་འདིར། སྐད་ཡིག་སློབ་གསོ་དང་། སྤུས་ཚད་སློབ་གསོའི་གནད་འགག་རང་བཞིན་གྱི་བསླབ་ཚན་དུ་གྱུར་པའི་རྩོམ་འབྲིའི་སློབ་ཁྲིད་ཀྱི་ནང་དོན་དང་། སྒྲིག་སྟངས། ལག་ལེན་སོགས་ཀྱི་ཐད་ནས་ཇི་ལྟར་དེང་རབས་སློབ་གསོའི་བསམ་བློ་གསལ་པོར་མངོན་པ་དང་། དུས་རབས་ཀྱི་རེ་བ་དང་སློབ་གསོ་བཅོས་བསྒྱུར་གྱི་གནས་ཚུལ་གསར་པ་དང་མཐུན་པར་བྱེད་པ། མི་རིགས་རང་གི་ཁྱད་ཆོས་ལྡན་དུ་འཇུག་པ་བཅས་ནི་དུས་རབས་འདི་ལ་བསམ་གཞིགས་ནན་མོ་བཏང་སྟེ་ལན་འདེབས་དགོས་པའི་གནད་དོན་ཞིག་རེད།
        གནད་དོན་དེ་ཐག་གཅོད་དགོས་ན། རྒྱས་བསྡུས་རན་ཞིང་བོད་རིགས་སློབ་མ་རྣམས་ལ་འཚམ་པའི་རྩོམ་འབྲིའི་དཔེ་དེབ་ཅིག་རྩོམ་པ་ནི་དགོས་གལ་ཆེ་ཞིང་ཁ་ཚ་དགོས་གཏུག་གི་དོན་ཆེན་ཞིག་རེད་སྙམ་པའི་བསམ་པ་རིང་མོ་ཞིག་ནས་ཡོད། རང་ཉིད་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་དམན་ན་ཡང་། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་སློབ་གྲྭ་ཆེན་མོ་རུ་སློབ་ཁྲིད་དང་ཞིབ་འཇུག །རྩོམ་སྒྲིག་གི་བྱ་བ་གཉེར་བ་དང་། རྩོམ་འབྲིའི་ལག་ལེན་ལ་ཡང་མྱོང་གོམས་ཅུང་ཟད་ཡོད་ཁུལ་དང་། རྩོམ་འབྲིའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ལས་ཀྱང་ནན་ཏན་གྱིས་སློབ་མའི་རྩོམ་འབྲིའི་ཁ་ཕྱོགས་ལ་མཛུབ་སྟོན་དང་། འབྲེལ་ཡོད་ཀྱི་བསླབ་ཚན་ཡང་ལོ་ངོ་དུ་མར་ཁྲིད་མྱོང་བ། སློབ་མས་རྩོམ་འབྲི་བའི་བརྒྱུད་རིམ་ལས་འཕྲད་པའི་གནད་དོན་དང་ཐེ་ཚོམ་སོགས་གང་འཚམ་ཞིག་ཁོང་དུ་ཆུད་པས། དེ་དང་དེ་འདྲ་ལ་བརྟེན་པའི་སྤྱི་བརྟོལ་བསྐྱེད་དེ་བྲིས་ན་ཡང་། བར་ལམ་རྣམ་པར་གཡེང་བ་བཟློག་ཏུ་མེད་པ་འགའ་ཞིག་གི་གཞན་དབང་དུ་གྱུར་པས་རིམ་འགྱངས་སུ་སོང་། ད་རེས་དེབ་འདི་མཚོ་སྔོན་ནང་བསྟན་སློབ་གླིང་གི་སློབ་དེབ་ཀྱི་གྲས་སུ་ཚུད་ཅིང་མྱུར་དུ་དཔེ་སྐྲུན་བྱེད་དགོས་པས་ད་གཟོད་དུས་ཚོད་དམ་འཛིན་སྒོས་གང་མྱུར་གྱིས་འགྲུབ་པར་བྱས།
        སྤྱིར་རྩོམ་འབྲིའི་རིག་ཚན་ལ་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཆེན་པོ་ཞིག་ཡོད་ན་ཡང་། དོན་ཚན་ཁ་ཤས་ནི་གཞན་དུ་རྒྱས་པས་འདིར་མ་བརྗོད་ཅིང་། དེབ་འདི་ལས་སྐབས་གསུམ་སྟེ། སྐབས་དང་པོ་ནི་རྩོམ་རིགས་ཀྱི་རིགས་དབྱེ་དང་གནའ་དེང་རྩོམ་གཞུང་གི་གཤིབ་བསྡུར་ཡིན་ལ། དེ་ལ་ས་བཅད་བཞིའི་སྒོ་ནས་སྲོལ་རྒྱུན་རྩོམ་རིགས་ཀྱི་དབྱེ་བ་དང་། དེང་རབས་རྩོམ་རིགས་ཀྱི་དབྱེ་བ། དེང་རབས་རྩོམ་གཞུང་གི་སྤྱི་ཁོག་ངོ་སྤྲོད། སྲོལ་རྒྱུན་རྩོམ་གཞུང་དང་དེང་རབས་རྩོམ་གཞུང་གི་འདྲ་ཁྱད་གཙོ་བོ་བཅས་ལ་བགྲོ་གླེང་བྱས།
        སྐབས་གཉིས་པ་ནི་རྩོམ་རིག་གསར་རྩོམ་གྱི་རྣམ་བཤད་ཡིན་པ་དང་། དེ་ལ་ས་བཅད་བཅུ་བཞི་ཡོད་པ་ལས། གཙོ་བོ་རྩོམ་རིག་གསར་རྩོམ་གྱི་རྨང་གཞིའི་ཤེས་བྱ་དང་བྱེ་བྲག་གི་རྩོམ་ལུས་འགའི་རྩོམ་ཚུལ་གྱི་སྐོར་ལ་བགྲོ་གླེང་བྱས། འདི་ནི་ཁོ་བོས1994ལོ་ནས་བཟུང་རྩོམ་འབྲིའི་སློབ་ཁྲིད་ལ་དམིགས་ནས་བྲིས་ཤིང་། 1998ལོའི་ཟླ5པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས། 2017ལོའི་ཟླ12པར་སྦྲང་ཆར་རྩོམ་སྒྲིག་ཁང་གིས«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས»(1990-1999)སུ་བདམས་པས། དབྲི་བསྣན་དང་བཅོས་བསྒྱུར་དག་པར་བྱས་ཤིང་། ད་ལོ་ཡང་མཚོ་སྔོན་ནང་བསྟན་སློབ་གླིང་གི་སློབ་དེབ་ཏུ་ཆོག་མཆན་ཐོབ་པས་སླར་ཡང་ལེགས་བཅོས་དང་ཁ་སྣོན་ཕྲན་བུ་བགྱིས།
        སྐབས་གསུམ་པ་ནི་རིག་གཞུང་དཔྱད་རྩོམ་གྱི་རྩོམ་འབྲི་ཡིན་ཞིང་། ས་བཅད་དྲུག་གི་སྒོ་ནས་དཔྱད་རྩོམ་གྱི་གདམ་གཞི་ཇི་ལྟར་འདེམ་པ་དང་། ཁ་བྱང་གཏན་ལ་འབེབས་ཚུལ། ས་བཅད་གཏན་ལ་འབེབས་ཚུལ། ཡིག་ཆ་བསྡུས་བརྗོད་འབྲི་ཚུལ། དཔྱད་རྩོམ་འབྲི་བའི་ཐབས་ལམ་དང་ནང་དོན་གཙོ་བོ། མཆན་དང་ལུང་ཁུངས་དང་ཟུར་ལྟའི་ཡིག་ཆ་འགོད་ཚུལ་བཅས་ལ་བགྲོ་གླེང་བྱས།
        བརྗོད་བྱ་འདི་དག་འབྲི་སྐབས། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པས་མཛུབ་སྟོན་དང་། རིག་གཞུང་གི་རང་བཞིན་དང་། མི་རིགས་ཀྱི་རང་བཞིན། དགེ་འོས་ཀྱི་རང་བཞིན་བཅས་གོང་བུ་གཅིག་གྱུར་ཡོང་བ་དང་། གཞུང་ལུགས་སྟེང་གི་སྤྱི་སྡོམ་ལ་དོ་སྣང་བྱས་པར་མ་ཟད། ལག་ལེན་སྟེང་གི་སྤྱོད་རུང་རང་བཞིན་ལ་དོ་སྣང་བྱས་པ་དང་། རྩོམ་འབྲིའི་བསླབ་ཚན་གཞིར་བཟུང་བ་དང་། གནས་བབས་ལ་དམིགས་པ། མ་འོངས་པ་ལ་ཁ་ཕྱོགས་ཏེ། དགག་རྒྱག་ལས་རྒྱུན་འཛིན་དང་། རྒྱུན་འཛིན་ལས་གསར་གཏོད། གང་ནུས་ཅི་ཐུབ་ཀྱིས་རྙིང་འབུད་གསར་འདོན་བྱེད་པ་ལ་འབད་ཡོད།
        ཡིན་ན་ཡང་། རང་ཉིད་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་དམན་ཞིང་ཉམས་མྱོང་གིས་དབུལ་བ་སོགས་ཀྱི་དབང་གིས་ཐོག་མཐའ་བར་གསུམ་དུ་འགལ་བ་དང་ནོར་འཁྲུལ། མ་འབྲེལ་བ། ཟློས་སྐྱོན་སོགས་གང་མང་ཡོད་པས། གཟིགས་པ་པོ་རྣམས་ཀྱིས་སྐྱོན་བརྗོད་དག་སེལ་གནང་བར་ཐུགས་རྗེ་ཆེ་ཞུ་ཞིང་། འདིར་ཆེད་དུ་མཚོ་སྔོན་ནང་བསྟན་སློབ་གླིང་གིས་པར་སྐྲུན་གྱི་མཐུན་རྐྱེན་སྦྱར་བ་དང་ཐོག་མཐའ་བར་གསུམ་དུ་བློ་འདོན་དང་མཛུབ་སྟོན་གནང་མྱོང་བའི་དགེ་རྒན་དང་གྲོགས་པོ་རྣམས་ལ་ཡང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་འདི་ལ་འབད་པའི་དགེ་བས་ཀྱང་བོད་ཀྱི་རིག་གནས་ཀྱི་སྒྲོན་མེ་བསྐལ་པའི་མཐར་ཡང་གསལ་བའི་རྒྱུ་རུ་འགྱུར་བའི་སྨོན་པ་དང་བཅས་སྨྲས་པ།
གཞུང་ལུགས་རྒྱ་མཚོ་མང་དུ་འཐུངས་ན་ཡང་། །
རྩོམ་ཚུལ་རིག་པར་གོམས་འདྲིས་མེད་གྱུར་ན། །
བརྩམས་པའི་བསྟན་བཅོས་ཕུང་པོ་གསུམ་པ་རུ། །
འགྱུར་ཉེན་ཆེ་བས་ཚུལ་འདིར་འབད་པར་རིགས། །

གང་དང་གང་ཞིག་རྩོམ་ན་དེ་དང་དེའི། །
ངོ་བོ་རང་བཞིན་དབྱེ་བ་རྣམ་གྲངས་སོགས། །
ཇི་སྙེད་ཡོད་པ་ཐམས་ཅད་ངེས་བྱས་ན། །
རྩོམ་ལ་དབང་འབྱོར་དགོས་འདོད་ནོར་བུ་འདྲ། །

སྔོན་ཆད་གཞུང་འགྲེལ་རྩོམ་པ་མང་ན་ཡང་། །
ཚུལ་འདིར་ཐུགས་མཉམ་འཇོག་མཁན་ཤིན་ཏུ་ཉུང་། །
དེའི་ཕྱིར་སྲོལ་རྒྱུན་དེང་རབས་རྩོམ་གཞུང་གི །
ལེགས་ཆ་མཉམ་བསྡེབས་སྙིང་པོར་བསྡུས་ཏེ་སྤེལ། །

བློ་གྲོས་རབ་དམན་བྱེའུའི་གཤོག་རྩལ་གྱིས། །
རྩོམ་འཇུག་གནམ་འཕང་གཅོད་པར་མི་ནུས་ཀྱང་། །
ཚད་ཐུབ་བསྟན་བཅོས་དུ་མར་ཁུངས་བཅོལ་ནས། །
འབད་པ་ཆེན་པོས་བྲིས་ལ་འགལ་བ་ཅི། །

སྙིང་ལ་ཕྲག་དོག་དུག་གི་རྩེ་དགའ་ཅན། །
དེ་འདྲ་དེ་ལ་དགའ་བ་མི་སྐྱེད་མོད། །
གཟུར་གནས་ཡ་རབས་བློ་ལྡན་དམ་པ་དག །
དགའ་སྤྲོའི་འཛུམ་མདངས་ཁོང་ནས་སྤྲོ་ངེས་སྙམ། །

དུག་གསུམ་སྣོད་གྱུར་སྒྱུ་མའི་ལུས་པོ་འདི། །
བྱ་དང་ཁྱི་ཡི་ཟས་སུ་མ་གྱུར་གོང་། །
ལོང་གཏམ་སྣ་ཚོགས་བཤད་ལ་མ་གཡེང་བར། །
འདིར་འབད་དགེ་བས་གཞན་ལ་ཕན་པར་སྨོན། །
                                                               ཞེས2022ལོའི་ཟླ4པའི་ཚེས15ལ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་མིང་ཙམ་འཛིན་པ་གྱི་ན་བ་སུམ་བྷ་རིན་ཆེན་བཀྲ་ཤིས་ཀྱིས་སྦྱར་བ་དགེའོ། །
 
        རིན་ཆེན་བཀྲ་ཤིས། 1966ལོར་སྐྱེས། མཚོ་སྔོན་ཁྲི་ཀའི་མི། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་སློབ་མའི་སློབ་སྟོན་པ། མཚོ་སྔོན་དགེ་འོས་སློབ་ཆེན་རིག་གཞུང་དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་པ་བཅས་ཀྱི་འགན་འཁུར་ཡོད།
        ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་དངོས་གཞི་དང་ཞིབ་འཇུག་སློབ་མ་ལ་གཙོ་བོ་བོད་ཀྱི་གནའ་རྩོམ་དང་། བོད་ཀྱི་དེང་རྩོམ། རྩོམ་རིག་ཡིག་ཆ་རིག་པ། རྩོམ་རིག་གཞུང་ལུགས། རྩོམ་འབྲི་རིག་པ་བཅས་སློབ་ཁྲིད་བྱས་ཤིང་། ཞིབ་འཇུག་གི་ཐད་ནས་རིག་གཞུང་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་བ་དང་། ཆེད་དེབ་གཉིས་པར་སྐྲུན་བྱས་ཤིང་། གཞན་དང་མཉམ་འབྲེལ་གྱིས«སློབ་ཆེན་བོད་ཀྱི་སྐད་ཡིག»དང«བོད་སྐད་ཡིག་གི་ཟུར་རྒྱན་སྐོམ་སེལ་བདུད་རྩིའི་ཆུ་རྒྱུན»(དེབ་དགུ)བསྒྲིགས་པ་དང་། «རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན»(སྟོད་སྨད་ཆ)སྒྲིག་རྩོམ་དང་། «སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད»ཅེས་པ་པོད་ཆེན་ཉི་ཤུའི་བདག་ཉིད་ཅན་འདེམ་སྒྲིག་བྱས་ཏེ་པར་སྐྲུན་བྱས། གཞན་ཡང་རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་ལ་མགོ་འཛིན་བྱས་པ་དང་། དཔྱད་འབྲས་ཁ་ཤས་ལ་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་གཟེངས་རྟགས་ཐོབ།
        སྤྱི་ཚོགས་སྟེང་གི་ཞོར་འགན་གཙོ་བོ་ནི། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བསླབ་ཚན་ཞིབ་བཤེར་ཨུ་ཡོན་དང་། མཚོ་སྔོན་ཞིང་ཆེན་མཐོ་སློབ་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གཅིག་ལྕོགས་དགེ་རྒན་ཆེན་མོ་སོགས་ཀྱི་འགན་འཁུར་ཡོད།
འབྲེལ་ཡོད་འོས་སྦྱོར།