༄༅། །ཉེ་ཆར«ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་མི་ཆོས་ཡིག་ཚངས་དང་དེའི་ཀློག་འགྲེལ་བློ་ལྡན་དགྱེས་པའི་བདུད་རྩིའི་བུམ་བཟང»ཞེས་པ་དཔེ་སྐྲུན་བྱས།
རྩོམ་པ་པོ།:རྣམ་རྒྱལ་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-08-21
ཀློག་གྲངས།:
༄༅། །ཉེ་ཆར། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་ལགས་ནས་གཙོ་སྒྲིག་མཛད་པའི«ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་མི་ཆོས་ཡིག་ཚངས་དང་དེའི་ཀློག་འགྲེལ་བློ་ལྡན་དགྱེས་པའི་བདུད་རྩིའི་བུམ་བཟང»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་ཏེ་ཀློག་པ་པོ་དང་ཞིབ་འཇུག་པ་དག་གི་སྤྱན་ལམ་དུ་བསྟར་ཡོད།

ཀུན་གྱིས་མཁྱེན་གསལ་ལྟར་དུས་རབས་བཅུ་དགུ་པའི་མཇུག་ཙམ་ལ་ཏུན་ཧོང་བྲག་ཕུག་ནས་བཙན་པོའི་དུས་ཀྱི་བོད་ཡིག་ཤོག་དྲིལ་ལྔ་སྟོང་ཉེར་བརྒྱད་ཙམ་ཐོན་པ་ལས་མི་ཆོས་དང་མི་ཆོས་དང་འབྲེལ་བའི་ཡིག་ཚངས་བྲིས་མའང་བཅུ་ཕྲག་མང་པོ་མཆིས་ཤིང་། ཡིག་ཚངས་འདི་དག་ཕལ་ཆེ་བ་ནི་བཙན་པོའི་དུས་ཀྱི་བྲིས་མ་ཡིན་པས། བཙན་པོའི་དུས་སྐབས་ཀྱི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ཀྱི་འདུ་ཤེས། སྤྱི་ཚོགས་ཀྱི་དར་སྲོལ། མི་དང་མིའི་འབྲེལ་བ་སོགས་ལ་ངེས་ཤེས་ཡང་དག་འདྲོངས་པའི་ལུང་གི་རྒྱབ་རི་ཉག་གཅིག་ཡིན་པ་དང་། ཁྱད་པར་རང་རེའི་སྲོལ་རྒྱུན་གྱི་མི་ཆོས་བསམ་བློས་བཙན་པོའི་དུས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དང་ཁྲིམས་སྲོལ་གཏན་འབེབ། མི་རྣམས་ཀྱི་སྤྱོད་ལམ་ལེགས་པོར་གཏོང་བ། སྤྱི་ཚོགས་ཀྱི་དར་སྲོལ་ལེགས་པོར་བསྒྱུར་བ་སོགས་ལ་ཐོན་པའི་ཕན་ནུས་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་བྱེད་པར་དཔྱད་གཞིའི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཞིང་། ནང་བསྟན་བོད་ལ་མ་དར་གོང་གི་སྲོལ་རྒྱུན་གྱི་མི་ཆོས་རིག་གནས་དང་འཕགས་བོད་རྒྱ་གསུམ་གྱི་མི་ཆོས་རིག་གནས་གཅིག་ཏུ་འདྲེས་པའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ཡོད་མོད། ཡིག་ཚངས་འདི་དག་ད་ལྟའི་བར་རྒྱལ་ཁབ་ཁག་གི་དཔེ་མཛོད་ཁང་དུ་སིལ་བུར་ཐོར་བ་ལས་ཆེད་དུ་ཕྱོགས་བསྡུས་དག་སྒྲིག་དང་ཀློག་འགྲེལ་བྱས་པའི་བསྟན་བཅོས་ཀུན་གྱི་མཐོང་སྣང་དུ་གྱུར་མེད།

སྣང་ཚུལ་འདིས་བཙན་པོའི་དུས་ཀྱི་མི་ཆོས་བསམ་བློ་དང་ཁྲིམས་སྲོལ་བྱུང་འཕེལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དང་། གནའ་བོའི་རྩོམ་རིག་ལོ་རྒྱུས་དང་ཡིག་ཚངས་རིག་པའི་བསྟན་བཅོས་རྩོམ་གནང་མཛད་པར་དམན་པའི་ཤུགས་རྐྱེན་ངེས་ཅན་རེ་ཐེབས་ཀྱིན་ཡོད། རྒྱུ་མཚན་འདི་དང་འདིར་དམིགས་ནས་ངེད་མཚོ་སྔོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་མ་བསྐུལ་དང་བླངས་ཀྱིས་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དང་། དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དང་། ཉི་ཧོང་རྒྱལ་ཁབ་སོགས་སུ་ཉར་བའི་མི་ཆོས་དང་མི་ཆོས་དང་འབྲེལ་བའི་ཡིག་ཚངས་དྲུག་ཅུ་རེ་དྲུག་གི་མ་ཕྱི་འཚོལ་བསྡུད་དང་ཕབ་བཤུ། དག་སྒྲིག་སོགས་བྱས་ཐོག་ཡིག་ཚངས་རིག་པའི་ཐབས་དང་གཞུང་ལུགས་སྤྱད་ནས་ཀློག་འགྲེལ་བྱས་ཏེ། དཔེ་དེབ་འདི་ཉིད་ལེགས་པོར་བསྒྲིགས་པ་ཡིན། དེ་ཡང་ཡིག་ཚངས་ཀྱི་མ་ཕྱི་དང་བཤུས་ཡིག་ཞིབ་བསྡུར་བྱེད་བདེ་བ་དང་བཤུས་ཡིག་དག་མིན་གྱི་དོགས་པ་སེལ་བ། ཡིག་ཚངས་ཀྱི་ནང་དོན་དང་ཁྱད་ཆོས་ཡང་དག་པར་གོ་བའི་ཆེད་དུ་མ་ཕྱི་དང་བཤུས་ཡིག་གཉིས་ཀ་ཤན་སྦྱར་གྱི་ཚུལ་དུ་བཀོད་པ་དང་། ཀློག་པ་པོ་དང་ཞིབ་འཇུག་པ་རྣམས་ཀྱིས་གཤིབ་བསྡུར་གྱི་སྒོ་ནས་ཞིབ་འཇུག་ཟབ་མོ་དང་ངོས་འཛིན་ཡང་དག་བྱེད་པའི་ཕྱིར། ཨང་རྟགས་མི་འདྲ་རུང་ནང་དོན་འདྲ་བ་དང་། ཡང་ན་ཁ་བྱང་མི་གཅིག་རུང་ནང་དོན་གཅིག་པའི་ཡིག་ཚངས་རྣམས་ལྷན་དུ་སྦྱར་ཏེ། མི་ཆོས་ཡིག་ཚངས་སོ་སོའི་རྣམ་པ་དང་བརྗོད་བྱའི་ནང་དོན། ཡིག་གཟུགས་འབྲི་སྟངས། དབུ་ཁྱུད་དང་ཤད་འགོད་སྟངས། རྩོམ་ལུས་གྱི་རིགས། པར་གཞིའི་ཁྱད་ཆོས། བསམ་བློའི་གཏད་སོ་སོགས་ལ་བརྟགས་ནས། བསྟན་བཅོས་ཀྱི་མཚན་བྱང་དང་ཁུངས་ལུང་། དུས་རབས། རིན་ཐང་སོགས་གཏན་ལ་འབེབ་གང་ཐུབ་བྱས་ཡོད། འདི་ལྟ་བུའི་དཔེ་དེབ་ཉེ་ལམ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་བཀའ་དྲིན་ལ་བརྟེན་ནས་ཀུན་གྱི་སྤྱན་སྔར་འགྲེམ་པའི་སྐལ་བ་སྨིན་པ་ཡིན་ན། འདིས་ཀྱང་རང་གཞན་ཀུན་གྱི་རེ་བ་ཡིད་བཞིན་དུ་འགྲུབ་བར་སྨོན། །
འབྲེལ་ཡོད་འོས་སྦྱོར།