logo

༄༅། །ཉེ་ལམ«ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས»པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-08-26 ཀློག་གྲངས།:
        ད་ལོའི་ཟླ་བརྒྱད་པར་ཏུན་ཧོང་ཞིབ་འཇུག་གླིང་ཡིག་ཚང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁམས་འཚོ་སྐྱིད་དང་གཡུ་རྔོག་པདྨ་དབང་རྒྱལ་གཉིས་ཀྱིས་གཙོ་སྒྲིག་བྱས་པའི་དཔེ་ཚོགས་ཆེ་གྲས«ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
        འདི་ནི་རྒྱལ་ཕྱི་ནང་དུ་ཀུན་སུའུ་ས་ཆར་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ཆ་ཚང་ཕབ་བཤུས་ཀྱི་རྣམ་པའི་ཐོག་ནས་པར་སྐྲུན་བྱས་པ་ཐོག་མར་ཆགས་ཤིང་། ཁྱོན་སྡོམ་པོད༣༠དང་ཡིག་གྲངས་ཁྲི༢༢༠༥ལྷག་ཡོད། ཏུན་ཧོང་ཞིབ་འཇུག་གླིང་དང་ཀན་སུའུ་ཞིང་ཆེན་དཔེ་མཛོད་ཁང་། ཏུན་ཧོང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་སོགས་ལས་ཁུངས་ཁག་ཏུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་བོད་ཡིག་ཡིག་ཚང༦༧༠༠ལྷག་བསྡུ་སྒྲིག་བྱས་ཡོད།
        ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་དག་ནི་ཏུན་ཧོང་དང་བོད་བཙན་པོའི་ལོ་རྒྱུས་རིག་གནས། ཐང་རྒྱལ་རབས་སྐབས་ཀྱི་མི་རིགས་ཕན་ཚུན་བར་གྱི་འབྲེལ་བ་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་ཡིག་གལ་ཆེ་ཞིང་། གཞན་ངོ་བཤུ་མཁན་དང་ཞུ་དག་པ། བསྐྱར་ཞུ་གནང་མཁན་སོགས་ཀྱི་མཚན་བཀོད་པ། སྤུ་རྒྱལ་བཙན་པོའི་བཙུན་མོ་དང་བློན་ཆེན། ཏུན་ཧོང་ས་ཁུལ་གྱི་མི་སྣ་གཙོ་བོ་སོགས་ཀྱི་མཛད་བྱང་མཆིས། འདི་དག་ལས་སྐབས་དེའི་ཆོས་གཞུང་ངོ་བཤུའི་གནས་ཚུལ་དང་ཞུ་དག་གཏོང་བའི་ལམ་ལུགས་སོགས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པར་མཐུན་རྐྱེན་ངེས་ཅན་སྐྲུན་ཡོད་པ་དང་། དེ་མིན་བོད་བཙན་པོའི་དཔོན་སྣ་བར་གྱི་འཕྲིན་ཡིག་དང་གན་རྒྱའི་ཡི་གེ། བསྔོ་སྨོན་ཡི་གེ། ཆོས་ལུགས་ཀྱི་ཆོ་ག། སྙན་ངག་སོགས་ཀྱི་ནང་དོན་སྣ་མང་འདུས་པའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེ་བར་མཐོང་། སྤུ་རྒྱལ་བཙན་པོའི་དུས་སྐབས་ཀྱི་སླུངས་ཚང་ལམ་ལུགས་དང་ས་མིང་སྐོར་ཞིག་ཡོད་པ་དག་ནི་རིན་ཐང་གཞལ་དུ་མེད་པའི་དཔྱད་ཡིག་ཡིན་པར་མ་ཟད་མིག་སྔར་མང་ཆེ་ཤས་ཕྱིར་བཀྲམས་མེད་དོ། །
        དཔེ་ཚོགས་འདི་འདྲ་ཞིག་པར་སྐྲུན་བྱས་པ་ནི། ཏུན་ཧོང་རིག་གནས་ཞིབ་འཇུག་དང་བོད་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་སོགས་ཕྱོགས་གང་ནས་བལྟས་ཀྱང་དུས་རབས་ཀྱི་དོན་སྙིང་ལྡན་ཞིང་ཏུན་ཧོང་རིག་པ་དང་བོད་རིག་པའི་ཞིབ་འཇུག་གི་ཆུ་ཚད་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེ་རུ་སོང་ནས་རྨད་བྱུང་གྲུབ་འབྲས་གསར་པ་མང་པོ་འཐོན་རྒྱུར་རྨང་ལེགས་པོ་ཞིག་བཏང་ཡོད་པ་གདོན་མི་ཟའོ། །

པར་མཁོ་འདོན་བྱ་མཁན། གཡུ་རྔོག་པདྨ་དབང་རྒྱལ་ཡིན།
འབྲེལ་ཡོད་འོས་སྦྱོར།