«གེ་སར་རིག་གནས་ལམ་དུ་བགྲོད་པའི་མི་ཚེ»ཞེས་པའི་ཆེད་དེབ་པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཆབ་འགག་ཇོ་རུའི་གེ་སར་རིག་གནས་འཕྲིན་སྟེགས།
དུས་ཚོད།:2022-09-08
ཀློག་གྲངས།:
ཉེ་ཆར། གེ་སར་རིག་པའི་ཆེད་མཁས་པ་གཅོད་པ་དོན་གྲུབ་ཀྱིས་བརྩམས་པའི«གེ་སར་རིག་གནས་ལམ་དུ་བགྲོད་པའི་མི་ཚེ»ཞེས་པའི་ཆེད་དེབ་ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།

སྔོན་འགྲོའི་གཏམ།
སྔོན་བསགས་ལས་ཀྱིས་མི་ལུས་རིན་ཆེན་རྙེད། །
བསྐལ་བ་བཟང་པོའི་དྲིན་གྱིས་རིག་པ་གཉེར། །
མི་ཚེ་རིང་པོའི་ཆུ་ཚོད་མིག་བཞིན་གཅེས། །
གངས་ཅན་རིག་གཞུང་སྐྱོང་སླད་རང་ལུས་ཟད། །
དེ་ཡང་ཀྲུང་གོ་རྒྱལ་ཁབ་གསར་པ་དབུ་བརྙེས་ནས་བགྲང་བྱ་བདུན་ཅུ་འཁོར་བ་དང་མཚོ་སྔོན་ཞིང་ཆེན་བཅིངས་འགྲོལ་བགྱིས་ནས་ལོ་འཁོར་བདུན་ཅུ་ལོན་པ་དེ་དང་ཆབས་ཅིག་ཁོ་བོ་ཡང་དགོང་ལོ་བདུན་ཅུར་སླེབས་པ་བཅས་ནི་མ་སྒྲིག་རང་འགྲིག་ཏུ་གྲུབ་པས་ན། དངོས་གནས་རྟགས་དང་རྟེན་འབྲེལ་ལེགས་པོ་ཞིག་ཡིན་པ་མ་ཟད་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་གྲུབ་པ་ཞིག་ཀྱང་ཡིན་པར་འདོད། ང་རང་ཀྲུང་གོ་གསར་པ་དང་ལྷན་དུ་སྐྱེས་པ་དང་ལྷན་དུ་འཚར་ལོངས་ཐུབ་པ་ནི་ངའི་མི་ཚེའི་བདེ་སྐྱིད་ཅིག་དང་གཟི་བརྗིད་ཅིག་ཡིན་པ་གདོན་མི་ཟའོ། །སྔོན་བསགས་ལས་ཀྱིས་མི་ལུས་རིན་ཆེན་རྙེད། །
བསྐལ་བ་བཟང་པོའི་དྲིན་གྱིས་རིག་པ་གཉེར། །
མི་ཚེ་རིང་པོའི་ཆུ་ཚོད་མིག་བཞིན་གཅེས། །
གངས་ཅན་རིག་གཞུང་སྐྱོང་སླད་རང་ལུས་ཟད། །
མི་གཅིག་གི་ཚེ་ཚད་བདུན་ཅུར་གསོན་པ་ནི་སྤྱིར་བཏང་དུ་མཚོ་བོད་མཐོ་སྒང་གི་འགྲོ་བ་མིའི་གསོན་ཚད་ཆ་སྙོམས་ལས་བརྒལ་ཡོད། རྒྱའི་ཁ་དཔེ་ཞིག་ལ། མི་ལོ་བདུན་ཅུར་གསོན་ཐུབ་པ། གནའ་ནས་བརྒྱ་ལས་གཅིག་རེ་དཀོན་ཟེར་བ་ནང་བཞིན། སྔོན་ཆད་བདུན་ཅུ་ལོན་པའི་རྒན་རབས་པ་ཤིན་ཏུ་ཉུང་བ་གསལ་བཤད་བགྱིས་འདུག །དེ་ཕྱིར་ཁོ་བོའི་བསམ་པར་མི་ལོ་བདུན་ཅུར་ལོན་དུས་ལ་མགོའི་ཉི་མ་དང་ལ་རྟིང་གི་གྲིབ་མ་ལྟ་བུ་ཡིན་པས་འཆི་བ་མི་རྟག་པ་ནམ་ཡོང་ཆ་མེད་ཡིན་འདོད་ན་བློ་རིག་ཅུང་གསལ་བའི་སྐབས་སུ་རང་གི་མི་ཚེའི་ཀློང་དུ་མི་རབས་རྗེས་མར་བཞག་ན་རིན་ཐང་དང་ཕན་འབྲས་ཏིལ་ཙམ་ཡོད་པའི་ཤེས་རིག་ལོ་རྒྱུས་དང་རིག་གཞུང་དོན་ཆེན་སྐོར་དེ་ཡིག་ཐོག་ཏུ་རགས་ཙམ་འགོད་ཐུབ་ན་ཅི་མ་རུང་སྙམ་ནས«གེ་སར་རིག་གནས་ལམ་དུ་བགྲོད་པའི་མི་ཚེ»ཞེས་པ་འདི་འབྲི་འགོ་བརྩམས་པ་ལགས། སྤྱིར་ང་འདྲ་སྟོབས་འབྱོར་མངའ་ཐང་མེད་པའམ་དབང་དང་ཤེས་རིག་དམན་པ། རྒྱལ་ཁབ་དང་མི་དམངས་ལ་མཛད་རྗེས་ཆུང་བ་ཞིག་གི་ལོ་རྒྱུས་དང་རིག་གཞུང་དོན་ཆེན་སྐོར་བྲིས་ན་གཞན་གྱིས་འཕྱ་སྨོད་བྱ་བའི་གནས་སུ་གྱུར་ཀྱང་ཁོ་བོའི་གླེན་པའི་སེམས་ཀྱིས་རང་གཞན་གཉིས་ལ་ཕན་པ་ཏིལ་ཙམ་ཡོད་པར་འདོད་ནས་གདོང་ལ་ལག་པས་བཀབ་ནས་རྩོམ་འདི་བཀོད་པ་ལགས། ཁྱེད་མཁས་པ་དང་ཀློག་པ་པོ་ལྷན་རྒྱས་དགོངས་འགལ་མེད་པར་ཞུས་དང་ལྷན་ཅིག་དགོངས་འཆར་ཅི་མཆིས་དོགས་པ་སྤངས་ནས་སྩོལ་བར་མཛོད།
དེབ་ཆུང་འདིའི་བརྗོད་བྱ་གཙོ་བོ་ཁོ་བོ་ཆུང་དུས་ནས་བོད་པའི་རིག་གནས་བསླབ་བྱའི་སློབ་གྲྭ་དང་ཞིབ་འཇུག་ལས་ཁུངས་སོགས་སུ་རིམ་གྱིས་འགྲིམས་ནས་ཤེས་རིག་གི་རྨང་གཞི་བཏིངས་པ་དང་ཞིབ་འཇུག་གི་གྲུབ་འབྲས་བླངས་པའི་སྐོར་གཞིར་བཟུང་ནས་བརྗོད་པ་དང་ལྷན་དུ། ཁོ་བོའི་རུས་རྒྱུད་དང་ཁྱིམ་རྒྱུད་ཀྱི་འབྱུང་ཁུངས། ཆུང་དུས་ཇི་ལྟར་ནར་སོན་པའི་ཚུལ། རྩོམ་རིག་གསར་རྩོམ་དང་གླིང་སྒྲུང་འཚོལ་སྡུད། ལེགས་སྒྲིག །ཡིག་བསྒྱུར། པར་སྐྲུན། ཞིབ་འཇུག་བཅས་པའི་བརྒྱུད་རིམ། ད་དུང་གངས་ཅན་མཁས་དབང་དུང་དཀར་རིན་པོ་ཆེ་དང་དོར་ཞི་རིན་པོ་ཆེ་སོགས་ཀྱིས་ཁོ་བོའི་བརྩམས་ཆོས་ཀྱི་གདེང་འཇོག་སོགས་བཀོད་འདུག་པ་ལགས། གཞན་ཏེ་རྒྱ་ཆེའི་རྒྱ་ཡིག་ཀློག་པ་པོ་རྣམས་ལའང་ཁོ་བོའི་ལོ་རྒྱུས་དང་རིག་གཞུང་དོན་ཆེན་སྐོར་ངོ་སྤྲོད་སླད་དུ་ཞོར་དུ་རྒྱ་ཡིག་གི་ལམ་དུ་རགས་ཙམ་བཀོད་ཡོད་པ་མཁྱེན་པར་འཚལ།
ཁོ་བོའི་མི་ཚེའི་བརྒྱུད་རིམ་ནང་དུ་སྲིད་གཞུང་གི་རྫོང་དང་ཐིན་རིམ་པའི་འགན་འཁུར་ནའང་སེམས་ཀྱི་འགྱུར་བ་མེད་པའི་སྤྲོ་ཕྱོགས་ཆེ་ཤོས་ཏེ་བོད་རིག་པའི་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུ་དེ་ཡིན། དམིགས་བསལ་དུ་བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་རིག་གནས་མྱུར་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་སྟེ་ཁོ་བོའི་སྤྲོ་བ་ཆེས་ཆེ་བའི་ཆེད་ལས་ཡིན། དེ་བས་བགྲང་བྱ་ལྔ་བཅུ་ལྷག་གི་ལོ་ཟླའི་ཁྲོད་བོད་ཀྱི་དེང་རབས་རྩོམ་རིག་དང་ཁྱད་པར་གླིང་སྒྲུང་སྲུང་སྐྱོབ་རྒྱུན་འཛིན་བྱ་བ་གལ་ཆེན་ལས་འགངས་ཆེན་དུ་བཞག་ནས་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་དུ་བཏང་མ་མྱོང་། ད་ལྟ་དགུང་ལོ་བདུན་ཅུར་སོན་ཀྱང་རིག་པ་ནངས་པར་འཆི་ཡང་བསླབ་ཅེས་པ་ལྟར་རང་ནུས་ལྕོགས་ཚད་ཀྱིས་རྩོམ་རིག་དང་གླིང་སྒྲུང་ལས་དོན་ལ་བརྩོན་རྒྱུ་དེ་ངས་མི་ཕྱེད་པའི་དམ་བཅའ་ཡིན་ཟེར་ན་ཅིར་མི་ཆོག །
སྔོན་ཆད་ལས་ཐོག་ཏུ་ཡོད་དུས་དབུ་ཁྲིད་དང་མཁས་དབང་ལ་ལས། ཁྱོད་ནི་སྲིད་དབང་གི་འཁོར་ལོ་དང་རིག་གཞུང་གི་འཁོར་ལོ་གཉིས་མཉམ་དུ་བསྐོར་མཁས་ཤིག་རེད་ཅེས་ཀུ་རེ་རྩེད་མོའི་ཚུལ་དུ་འཆད་མྱོང་། ཡིན་ནའང་རྐང་པས་ཉ་དང་ལག་པས་བྱ་མི་ཟིན་ཟེར་བའི་དཔེ་ལྟར་གཉིས་ཀ་ལྷན་དུ་གཟུང་རྒྱུ་གཏན་ནས་ལས་སླ་མོ་མིན་སྟབས་ངའི་སྟོབས་ཤུགས་མང་ཆེ་ཤོས་ཏེ་རིག་གཞུང་གི་ཐད་དུ་ཕུལ་བ་བདག་གཞན་སུས་ཀྱང་ཁས་མི་ལེན་པ་མེད་དོ་སྙམ།

ཁོ་བོས་ལོ་འཁོར་བདུན་ཅུའི་མི་ཚེའི་ལམ་ཁའི་སྐྱིད་སྡུག་སྤྱི་བསྡོམས་རགས་ཙམ་བགྱིས་ན། བདག་གི་མི་ཚེའི་དཀྱོགས་མཚམས་ཆེན་པོ་བཞི་སྟེ་ངེས་པར་དུ་གླེང་དགོས་སེམས།
གཅིག་སྟེ། 1964ལོར་བདག་གི་ཕ་མ་གཉིས་ཀྱི་སྐུ་དྲིན་ལ་ང་རང་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་བསྐྱལ་ནས་བོད་ཡིག་དང་རྒྱ་ཡིག་རྩིས་རིག་སོགས་ལ་སློབ་སྦྱོང་གི་གོ་སྐབས་ལེགས་པོ་གནང་ནས1969ལོར་སློབ་མཐར་ཕྱིན་རྗེས་རྒྱལ་ཁབ་ཀྱི་བྱ་བར་ཞུགས་ཏེ་རང་གི་མི་ཚེའི་དཀྱོགས་མཚམས་དང་པོར་གྱུར་པ་དང་། གཉིས་པ་སྟེ། 1977ལོར་ཏིན་ཞོ་ཕིན་གྱིས་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མ་བསྡུ་ལེན་གྱི་ལམ་ལུགས་སླར་གསོ་གནང་བ་དང་བསྟུན་ནས་ཁོ་བོས་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱུགས་སྤྲད་ནས་འཕྲོད་ཅིང་ལོ་བཞིའི་དངོས་གཞི་བསླབ་གནས་ཀྱི་སློབ་སྦྱོང་ལེགས་འགྲུབ་བྱས་ཏེ1981ལོར་སློབ་མཐར་ཕྱིན་ནས་སློབ་ཆེན་དེའི་དགེ་རྒན་གྱི་འགན་འཁུར། འདི་ནི་ངའི་མི་ཚེའི་བརྒྱུད་རིམ་ཁྲོད་དཀྱོགས་མཚམས་གལ་ཆེན་ཞིག་ཡིན། གསུམ་པ་སྟེ། 1982ལོར་ཏང་རྩ་འཛུགས་ཀྱིས་བཀོད་སྒྲིག་ལྟར་ལས་གནས་སྤར་ནས་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་སྔ་གཞུག་ཏུ་རྫོང་རིག་སློབ་ཁོའི་ཁོ་ཀྲང་དང་རྫོང་དཔོན་གཞོན་པ་བཅས་ཀྱི་འགན་འཁུར་མྱོང་། སྐབས་དེར་གཙོ་བོ་ཏིན་ཞོ་ཕིན་གྱིས་ཅན་བཞི་ལྡན་པའི་འགོ་ཁྲིད་མི་སྣ་སྐྱེད་སྲིང་བྱ་དགོས་པའི་དགོངས་པ་གསར་པ་དེར་སྔོན་བསགས་ལས་ཀྱིས་འཕྲད་བྱུང་། ཅན་བཞི་སྟེ། ཆབ་སྲིད་ཅན་དང་ཤེས་ཡོན་ཅན། ཆེད་ལས་ཅན། ན་གཞོན་ཅན་བཅས་ཡིན་ལ་དེ་དག་ལས་ཁོ་བོས་ཕལ་ཆེར་བཞི་བོའི་ཆ་རྐྱེན་ཟིན་ཡོད། དེ་ཕྱིར་བསམ་ཡུལ་ལས་འདས་པ་ཞིག་སྟེ་དུས་ཚོད་ཐུང་ཐུང་ཕལ་ཆེར་བགྲང་བྱ་གཅིག་གི་ནང་དུ་གོ་གནས་མི་ཆུང་བ་དེ་རིགས་གཅིག་རྗེས་གཉིས་མཐུད་དུ་བདེ་བླག་ངང་སླེབས་བྱུང་། འདི་ནི་སྲིད་དོན་ལ་དངོས་སུ་ཞུགས་པའི་དཀྱོགས་མཚམས་གསུམ་པ་ཡིན་པར་འདོད། བཞི་པ་སྟེ། 1986ལོར་རྩ་འཛུགས་ཀྱིས་ཁོ་བོ་མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ནང་དུ་ལས་གནས་སྤར། སྔ་ཕྱིར་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་གཙོ་དང་མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་སྐོར་ཞིབ་པ་སོགས་ཀྱི་འགན་དབང་སྤྲད། ད་དུང་ཞིབ་འཇུག་པ་ཆེན་པོའི་ལག་རྩལ་ཐོབ་ཐང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སུ་སྤྱོད་པའི་ཆེད་མཁས་པ་བཅས་ཀྱི་མཚན་སྙན་ཀྱང་གནང་ཡོད། འདི་ནི་ངའི་མི་ཚེའི་དཀྱོགས་མཚམས་བཞི་པ་ཡིན་པར་འདོད་དོ། །སྤྱི་ལོ2010ལོར་རྒྱལ་ཁབ་ཀྱི་ཐག་གཅོད་ལྟར་ཁོ་བོ་ལས་འཁྱུར་ངལ་གསོ་བགྱིས་ཤིང་ལས་ཐོག་ཏུ་ཕྱིར་བུད། སྤྱིར་བཤད་ཚུལ་ཞིག་ལ་ལས་ཐོག་དེ་ན་མེད་ཚེ་ལས་དོན་དེ་ལ་མི་དམིགས་ཟེར་བ་ལྟར་ཅི་ཡང་མ་སྒྲུབ་པར་ཁ་རོག་པར་བསྡད་ན་ཅི་མི་ཆོག །ཡིན་ནའང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རིག་གནས་ལོ་རྒྱུས་ཁང་གི་ཁོངས་མི་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གེ་སར་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་མའི་དགེ་རྒན་གྱི་འགན་མ་འཁུར་མི་ཆོག་པས་ད་དུང་འགན་འཁུར་མུས་སུ་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་ཚོགས་གཙོ་དང་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་པོ་བཅས་ཀྱི་འགན་འཁུར་བཞིན་ཡོད། ལར་ངལ་གསོའི་དབང་ཆ་སྤྲད་ཡོད་ཀྱང་དོན་དམ་དུ་རིག་གཞུང་གི་སློབ་སྦྱོང་དང་ཞིབ་འཇུག་ལ་སོགས་ཀྱི་ལས་ཀ་དུས་ནམ་ཡང་ལྷོད་གཡེང་མ་བཏང་པར་ཆུ་བོའི་རྒྱུན་བཞིན་འབད་འབུངས་བྱེད་བཞིན་མཆིས། འདི་ནི་ངའི་མི་ཚེའི་མཐའ་མཇུག་གི་བྱ་བ་གལ་ཆེན་ཞིག་ལ་བརྩི་བཞིན་ཡོད།
གོང་གསལ་གྱི་མི་ཚེའི་དཀྱོགས་མཚམས་བཞི་འདི་ཁོ་བོ་ཡར་རྒྱས་གོང་འཕེལ་གྱི་རྒྱུ་རུ་གྱུར་པའང་ཐོག་མར་རང་གི་ལས་དང་བསོད་ནམས་སམ་འབད་འབུངས་བརྩོན་འགྲུས་བཅས་ཀྱི་མཐུན་སྦྱོར་གྱི་གྲུབ་ཆ་ཡོད་ཀྱང་གཙོ་བོ་རྒྱལ་ཁབ་ཀྱི་སྲིད་ཇུས་ལེགས་པོར་འཕྲད་པ་དང་ཕ་མ་ཉེ་འབྲེལ་ཀུན་གྱིས་རྒྱབ་རོགས་དང་ལམ་ཁྲིད་མཛད་པ། དགེ་རྒན་རྣམ་པ་དང་འགོ་ཁྲིད་ལེགས་པོ། དེ་མིན་ཁོ་བོའི་བློས་ཐུབ་ཀྱི་གྲོགས་མཆོག་རྣམས་ཀྱི་ལྷད་མེད་ཀྱིས་སྐྱེད་སྲིང་དང་ལག་འཐེན་གནང་བའི་སྐུ་དྲིན་ཡིན་པ་བསྙོན་དུ་མེད། ཁོང་རྣམ་པར་དུས་ནམ་ཡང་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་མཆིས་སོ། །
དེབ་ཆུང་འདི་རྩོམ་པའི་དུས་སུ་འགོ་ཁྲིད་དང་དགེ་བཤེས་གྲོགས་པོ་མི་ཉུང་བས་སེམས་ཀྱིས་བསྐྱངས་ཤིང་ལུས་ཀྱིས་རོགས་འདེགས་མཛད་མྱོང་བ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག་ཚེ་བསོད་རླུང་རྟ་རྒྱས་པའི་སྨོན་འདུན་ཞུའོ། །གལ་སྲིད་ཁྱེད་རྣམ་པའི་ལྷད་མེད་ཀྱི་རྒྱབ་སྐྱོར་མེད་ན་དེབ་ཆུང་འདི་མི་རྣམས་ཀྱི་གཟུགས་འཛིན་དབང་བོའི་སྤྱོད་ཡུལ་དུ་གྱུར་པའི་སྐལ་པ་ཡོད་ཐབས་མེད།
འདིར་སྨྲས་པ།
མི་ལོ་བདུན་ཅུའི་བཤུལ་ལམ་རིང་མོའི་ཁྲོད། །
མི་ཟས་ཡུན་རིང་ཟོས་པའི་རིན་འབབ་ཏུ། །
སྡུག་རུས་ཆེན་པོས་གངས་ཅན་རིག་པའི་གནས། །
རིག་གཞུང་ཆུ་གཏེར་འཇིངས་སུ་ཞུགས་མོད་ཀྱང་། །
ངོ་མཚར་ལག་རྗེས་ནོར་བུ་ལོན་མ་ནུས། །
གང་ལྟར་མི་རབས་རྗེས་མ་སྐྱོང་བའི་སླད། །
ཕན་འབྲས་བློ་སྐྱེད་ཏིལ་ཙམ་མཆིས་སྙམ་ནས། །
ཁོ་བོའི་མི་ཚེ་ཁྲོད་ཀྱི་ཤེས་རིག་འབྲས། །
དམིགས་བསལ་བཏོན་ནས་བརྩེ་བས་ཕུལ་པའི་མཐུས། །
ཀུན་ཕན་བདུད་རྩིར་འགྱུར་བར་སྨོན་འདུན་ཞུས། །
ཞེས2020ལོའི་ཟླ1ཚེས18ཉིན་ལ་གཅོད་པ་དོན་གྲུབ་ཀྱིས་ཙོང་ཁའི་གནའ་མཁར་ཟི་ལིང་གྲོང་ཁྱེར་རང་ཤག་ཏུ་སྦྱར་བ་དགེའོ། ། མི་ཟས་ཡུན་རིང་ཟོས་པའི་རིན་འབབ་ཏུ། །
སྡུག་རུས་ཆེན་པོས་གངས་ཅན་རིག་པའི་གནས། །
རིག་གཞུང་ཆུ་གཏེར་འཇིངས་སུ་ཞུགས་མོད་ཀྱང་། །
ངོ་མཚར་ལག་རྗེས་ནོར་བུ་ལོན་མ་ནུས། །
གང་ལྟར་མི་རབས་རྗེས་མ་སྐྱོང་བའི་སླད། །
ཕན་འབྲས་བློ་སྐྱེད་ཏིལ་ཙམ་མཆིས་སྙམ་ནས། །
ཁོ་བོའི་མི་ཚེ་ཁྲོད་ཀྱི་ཤེས་རིག་འབྲས། །
དམིགས་བསལ་བཏོན་ནས་བརྩེ་བས་ཕུལ་པའི་མཐུས། །
ཀུན་ཕན་བདུད་རྩིར་འགྱུར་བར་སྨོན་འདུན་ཞུས། །
འབྲེལ་ཡོད་འོས་སྦྱོར།