«རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ལྟ་ཀློག་འཇུག་བདེ་ལམ་བཟང»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-09-21
ཀློག་གྲངས།:
ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔེ་དེབ་པར་སྐྲུན་གྱི་གལ་ཆེའི་ལས་གཞི་སྟེ། «རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ལྟ་ཀློག་འཇུག་བདེ་ལམ་བཟང»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

ཡི་གེ་བྱུང་བ་ནས་ད་ལྟའི་བར་རྒྱལ་ཁམས་དང་རིགས་སོ་སོ་རྐང་ཚུགས་བྱེད་ཀྱི་བསྟན་བཅོས་ཅི་རིགས་ཤིག་བྱུང་ཞིང་། གང་ཡིན་ཡང་འགྲོ་མིའི་ཤེས་རབ་ཀྱི་ཉིང་བཅུད་དུ་མ་གྱུར་པ་ཞིག་མེད། དེ་དག་ནི་འགྲོ་མིའི་དཔལ་ཡོན་གྱི་རྨང་གཞི་དང་གསར་གཏོད་ཀྱི་སྔོན་འགྲོ། ལོ་རྒྱུས་ཀྱི་གཅེས་ནོར་དུ་མ་གྱུར་པ་ཡང་གང་། མིའི་སྤྱོད་ལམ་ཐད་ཀྱི་ཤེས་རིག་ཏུ་བགྲང་བའི་རྩོམ་རིག་ལ་མཚོན་ན་སྒྱུ་རྩལ་གྱི་རྨང་གཞིའི་རྣམ་པ་ཞིག་ཡིན། རྩོམ་རིག་བརྩམས་ཆོས་གྲགས་ཅན་ནི་འགྲོ་བ་མིའི་རིགས་ཀྱི་ནང་སེམས་དཀྱེལ་ཆེ་བར་གཏོང་བྱེད་དང་སྙིང་སྟོབས་ཅི་རིགས་ཀྱི་དན་རྟགས་ཡིན། དེ་རུ་རྩོམ་མཁན་གྱིས་མི་ཚེ་དང་སྤྱི་ཚོགས། དུས་རབས་ཤིག་ལ་བསམ་གཞིག་གནང་བའི་བསམ་བློ་འདུས། རྩོམ་རིག་བརྩམས་ཆོས་གྲགས་ཅན་འདི་དག་བཀླགས་ན། མི་ཞིག་ནར་སོན་པའི་གོ་རིམ་ཁྲོད་ཁྱོན་ཡོངས་ཀྱི་བློ་སྦྱོང་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་པར་མ་ཟད། རྩོམ་རིག་གསར་རྩོམ་གྱི་ལས་དང་པོ་བ་རྣམས་ལ་མཚོན་ན་ཅི་ཞིག་བཤད་རྒྱུ་དང་ཇི་ལྟར་བཤད་རྒྱུ་སྟེ་རྩོམ་འབྲིའི་ནུས་པ་ཡང་མཐོར་འདེགས་གཏོང་བྱེད་ཀྱི་རྒྱུ་རུ་ངེས། རྩོམ་རིག་ཐད་ཀྱི་ལེགས་རྩོམ་འདི་དག་ནི་འགྲོ་བ་མིའི་རིགས་ཀྱི་བྱུང་འདས་ལོ་རྒྱུས་དང་དུས་རབས་རེ་རེའི་ཡོངས་ཁྱབ་རང་བཞིན་གྱི་ཚོར་འདུའི་ཟིན་ཐོ་ཞིག་ཀྱང་ཡིན། ཤེས་བྱའི་བཅུད་ཀྱིས་སེམས་རྩ་གསོ་འོས་པའི་ན་གཞོན་རྣམས་ལ་མཚོན་ན་ལེགས་རྩོམ་འདི་དག་བཀླགས་ན། རྩོམ་རིག་ཐད་ཀྱི་དགོས་ངེས་ཀྱི་ཤེས་བྱ་རྒྱུད་ལ་འབྱོར་བ་ལས་གཞན། བློ་སྦྱོང་གི་གོ་རིམ་ཞིག་ཀྱང་ཡིན་པས་མི་ཚེ་གོལ་ལམ་དུ་མི་ཞུགས་པར་དྲན་སྐུལ་གྱི་རྐྱེན་དུ་འགྱུར་ཞིང་། སྒྱུ་རྩལ་དུ་མངོན་པའི་གསང་བའི་འཇིག་རྟེན་སྣ་ཚོགས་འབྱེད་བྱེད་ཀྱི་ལྡེ་མིག་རྙེད་པའི་སྐལ་བའང་ལྡན། འདི་རུ་བདེན་རྫུན་ཡག་བཙོག་གི་རིས་གསལ་ཞིང་དགེ་སྡིག་ལེགས་ཉེས་ཀྱི་གནད་བཏོན་པས་སྤང་བླང་གི་ཤེས་རབ་སྩོལ་ལ། འཇིག་རྟེན་སྐྱིད་སྡུག་གི་རང་བཞིན་ཕྱུང་བས་རང་སེམས་བག་ལ་འབེབ་བྱེད་ཀྱི་ཁ་ཏ་ཡིན། མི་ཚེ་དོན་ཡོད་དུ་ཇི་ལྟར་སྐྱེལ་དགོས་པར་གདེང་ཚོད་རྙེད་པའི་སྤོབས་པ་འབྱུང་བྱེད་ཀྱི་བརྒྱུད་རིམ་དུ་གདམས་ལ། མུན་པས་གཅུན་པའི་ཡིད་སེམས་ལ་ཤེས་རབ་ཀྱི་འོད་སྣང་འདྲེན་པའི་ཉི་མ་དུའང་ཁས་འཆེས། དེ་ལྟ་མོད་ཀྱང་ང་ཚོ་རེ་རེའི་མདུན་དུ་ཁག་འཁུར་སྣ་ཚོགས་རི་ལྟར་སྤུངས་ཤིང་། ལྷག་དོན་འགྱུར་སྐྱེན་པའི་དེང་གི་དུས་འདིར་ལེགས་རྩོམ་དུ་བགྲངས་པ་འདི་དག་རེ་རེ་བཞིན་སེམས་ཞིབ་མོས་ཀློག་པའི་སྐལ་བ་མི་ལྡན་པས་ན། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ནང་ནས་ནི་འོ་མ་བཞིན། །གང་ཞིག་གཅེས་པ་དེ་ནི་བསྟེན་པར་བྱ། །ཞེས་གསུངས་པ་ལྟར་རིག་ཚན་གང་ཡིན་གྱི་བསྟན་བཅོས་སུ་མངོན་པ་ཡོད་ཚད་གང་ལ་གང་འཚམ་དུ་ཕྱོད་ཆེན་པོར་ཀློག་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ་ཕྱིར། སྙིང་ཉེ་བའི་ཀློག་མཁན་རྣམས་ལ་གནས་སམ་ཟུར་སྣ་མང་ནས་རྩོམ་རིག་མཁན་པོ་འདི་དག་གི་ཉེ་གམ་དུ་ཇི་ལྟར་བཅར་བ། བག་ཡངས་པོར་ལེགས་རྩོམ་འདི་དག་ཀློག་པ་ལ་སྟ་གོན་མཛད་དེ། ཕྱིས་སུ་སྒྱུ་རྩལ་གྱི་ཞིང་ཁམས་སྣ་ཚོགས་སུ་རང་བློས་ཡོད་ཚད་འཇལ་ནུས་པར་བློ་སྣ་འདྲེན་པ་དང་། ལྷག་དོན་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་གྲགས་ཅན་བོད་འགྱུར་མ་སྤེལ་ལ་འགྲན་པའི་སྐལ་བཟང་གི་དུས་འདིར་དམིགས་ཏེ། གུས་པས་ལོ་དུ་མའི་སྔོན་ནས་འདིའི་ཐད་ཀྱི་ཡིག་ཆ་ལག་ལ་སོན་ཚད་སྐྱོ་བ་མེད་པར་ལྟ་ཀློག་བྱས་པ་བརྒྱུད། «རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ལྟ་ཀློག་འཇུག་བདེ་ལམ་བཟང»ཞེས་པའི་དེབ་འདི་རང་ནུས་ཅི་ལྕོགས་སྒོས་སྒྱུར་སྒྲིག་བྱས་པ་ལགས།
དེབ་འདི་ནི་ཀྲུང་གོའི་རྩོམ་རིག་བརྩམས་ཆོས་གྲགས་ཅན་དང་ཕྱི་རྒྱལ་གྱི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ཞེས་ལེའུ་གཉིས་སུ་ཕྱེ་བའི་གན་མཛོད་རང་བཞིན་གྱི་དེབ་ཅིག་ཡིན། ལེའུ་དང་པོར་སྤྱི་ལོ་སྔོན་གྱི«སྙན་ངག་གི་བསྟན་བཅོས»ནས་དེང་འཚོ་ཞིང་བཞུགས་པའི་བུད་མེད་སྙན་ངག་པ་ཧྲུའུ་ཐིང་གི་བརྩམས་ཆོས་བར་ཏེ། བསྡོམས་པས་བརྩམས་ཆོས་ཉེར་བརྒྱད་དང་། ལེའུ་གཉིས་པར་སྤྱི་ལོ་སྔོན་གྱི«ཧོ་མའི་སྒྲུང་རབས་ཆེན་མོ»ནས་དེང་གི་རྩོམ་རིག་མཁན་པོ་སྨི་ལན•ཁུང་ཏི་ལའི་སྒྲུང་རིང«ཐེག་པར་དཀའ་བའི་ཚེ་སྲོག་གི་ཡང་བ»ཞེས་པའི་བར་གྱི་རྩོད་མེད་ཀྱི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ཉེར་དགུ་སྟེ། བསྡོམས་པས་ད་སྔའི་བར་བགྲང་བྱ་ཉིས་སྟོང་ལྔ་བརྒྱ་ལྷག་གི་དུས་ཡུན་ཁྲོད་བྱུང་བའི་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ང་བདུན་འདུས་ཤིང་། རེ་རེ་བཞིན་རྩོམ་པ་པོ་མཚམས་སྦྱོར་དང་རྩོམ་པའི་དུས་བབ། བརྗོད་བྱ་གནད་བསྡུས་དང་སྒྱུ་རྩལ་ཁྱད་ཆོས། ལྟ་ཀློག་མཛུབ་སྟོན་བཅས་ལེ་ཚན་ལྔ་རུ་བསྒྲིགས་ཤིང་། ལེ་ཚན་འདི་དག་གི་ཁྲོད་དུ་ཟུར་དང་རིམ་པ་མི་འདྲ་བའི་སྒོ་ནས་བརྩམས་ཆོས་ལ་ཉིང་བསྡུས་རང་བཞིན་དུ་དབྱེ་ཞིབ་ཀློག་འགྲེལ་བྱས་ཏེ། ཀློག་མཁན་ལ་ཟོར་ཡང་བའི་ལྟ་ཀློག་གི་ཁོར་ཡུག་ཅིག་བསྐྲུན་པ་དང་སྦྲགས། དུས་ཡུན་ཐུང་ངུར་ལེགས་རྩོམ་དེ་དག་གི་ནང་ངོས་ཀྱི་མཛེས་སྡུག་མྱོང་བར་བགོ་སྐལ་དུ་བསྩལ་པ་ལས་གཞན། ཀློག་མཁན་རྣམས་ཕྱིས་སུ་གཏིང་ཟབ་མོར་དེ་དག་གི་ཀློང་དུ་འཇུག་བདེ་བར་ལམ་བཟང་ཡང་བསྟབས་ཡོད།ལེ་ཚན་འདི་དག་གི་ཁྲོད་དུ་ཐོག་མར་རྩོམ་མཁན་གྱི་མི་ཚེའི་བརྒྱུད་རིམ་དང་འཐུས་ཚབ་ཏུ་རུང་བའི་བརྩམས་ཆོས་ཅི་ཡོད། རྩོམ་རིག་ཐད་བཞག་པའི་མཛད་རྗེས་དང་ཁྱབ་ཁོངས་དེ་རུ་ཟིན་པའི་གོ་གནས། དེ་ཇི་ལྟར་བརྩམས་པ་དང་ཅིའི་ཕྱིར་བརྩམས་པའི་དུས་བབ། བར་སྐབས་དེའི་རྩོམ་མཁན་གྱི་སྤྱོད་ལམ་ཐད་ཀྱི་མཚར་གཏམ། ཕྱི་རབས་པར་ཐེབས་པའི་ཤན་ཤུགས། བརྩམས་ཆོས་ཀྱི་བརྗོད་བྱ་གནད་བསྡུས་དང་རྩོམ་ཁོག་འབུབས་ལུགས། རྩོམ་ལུས་སྒྲུང་གཏམ་ཅན་དུ་མངོན་པའི་གཏམ་རྒྱུད་དང་བྱུང་རིམ། མི་སྣ་དང་སྤྲོས་བརྗོད་སོགས། ལྷུག་རྩོམ་ཅན་དུ་སྤེལ་པའི་ཚོར་འདུ་དང་གནས་ལུགས་ཀྱི་ཆ། རྗོད་བྱེད་ཀྱི་སྤེལ་སྟངས། སྙན་ངག་ཅན་དུ་ཕྱུང་བའི་ནང་སེམས་ཀྱི་འགྱུ་བ། ཚིག་འགྲོས་སུ་ཉར་བའི་དབྱངས་ཀྱི་འགྱུར་ཁུགས་ལ་སོགས་ཐད་ཀྱི་རྩ་བར་མངོན་པའི་སྒྱུ་རྩལ་ཁྱད་ཆོས་ཅི་མངའ་ཉིང་བསྡུས་གནད་གྲོལ་དུ་བསྟན་པ་དང་བསྟུན། བརྩམས་ཆོས་གང་དེར་འཇུག་པ་ལ་མཛུབ་སྟོན་རང་བཞིན་གྱི་སྣེ་ཁྲིད་བྱས། གཞན་ད་དུང་བརྩམས་ཆོས་གང་དེར་འབྲེལ་ཡོད་ཀྱི་ཆ་ཡང་བཏོན་དེ་དཔེ་ཀློག་རྒྱ་སྐྱེད་པའི་དམིགས་བྱར་བཟུང་། འདིར་བརྗོད་པ་གང་ཉིང་དོན་ནས་ཕྱོགས་ཡོངས་ཀྱི་ཆ། ཕུ་དེད་ནས་བྱེ་བྲག་གི་ཆ་སྐྱེད་པ། དཔྱད་བརྗོད་པ་གྲགས་ཅན་གྱི་གཏིང་བསྙབས་པའི་ལྟ་ཚུལ་སོགས་ཁྱོན་ཆེན་པོའམ་ཕྱོགས་ཡོངས་ནས་དཔྱད་བྱའི་བརྩམས་ཆོས་གང་དེའི་ནང་ངོས་ཀྱི་ཆ་ཅི་རིགས་དཀའ་སླ་དང་རྒྱས་བསྡུས་རན་པར་ཕྱིར་བཏོན་འདུག་པ་ཞིག་ཡིན། སྒྱུར་སྒྲིག་གི་བྱ་ལས་ཁྲོད་དུའང་ཆེད་ལས་བརྡ་ཆད་གང་མང་ཚིག་ངོས་ལྟར་བསྒྱུར་ན་གོ་མི་བཏུབ་པ་ཅི་རིགས་མིང་ལས་ཚིག་ཏུ་བཀྲལ་ནས་གོ་སླ་བར་བཟོས་པ་སོགས་རང་ནུས་གང་མང་བཏོན་ཡོད།
དཔེ་དེབ་འདི་ལྟ་བུ་བོད་ཡིག་གི་ལམ་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ་ཐོག་མ་ཡིན་ཤས་ཆེ་བ་དང་། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་མཚོན་ནའང་དཔེ་དེབ་འདི་ལྟ་བུ་ནི་རྒྱལ་ཁབ་ཕྱི་ནང་གི་དུས་རབས་སོ་སོའི་མི་རིགས་དང་ཡུལ་གྲུ། སྤྱི་ཚོགས། ལམ་ལུགས། སྒྱུ་རྩལ་མཚོན་སྟངས་སོགས་ལ་སྟབས་བདེ་བོར་རྒྱུས་ལོན་བྱེད་པའི་སྐལ་གླགས་ལྡན་པ་དང་སྦྲགས་བློ་མིག་སྐྱེད་པར་ཤིན་ཏུ་སྨན་པར་མཐོང་ནས་འདི་ཙམ་ཞིག་སྐྱེས་སུ་བཏེགས་མོད། གུས་པར་རྩོམ་རིག་གི་བློ་སྦྱོང་ཞན་པ་དང་དགོས་ངེས་ཀྱི་ཤེས་བྱས་དབུལ་བ་སོགས་རྒྱུ་རྐྱེན་ཅི་རིགས་ཀྱི་བཀག་རྒྱ་ཐེབས་སྲིད་པས་ན། བསྒྱུར་པ་གཏིང་མ་ལོན་པ་དང་གནད་མ་གྲོལ་པ་སོགས་ཀྱི་སྐྱོན་ཡོད་ངེས་པས་བློ་དང་ལྡན་པ་དག་གིས་བགྲུང་བའི་རེ་བ་དང་ལྷན། འདིར་འབད་དགེ་བ་ཅི་མཆིས་མེ་སྟག་ཕྲ་མོའི་རྒྱུ་རུ་འགྱུར་བར་ཤོག་ཅེས་སྨོན་པ་དང་བཅས་སྒྱུར་སྒྲིག་པས་སྤྱི་ལོ2021ལོའི་ཟླ10པའི་ཚེས9ཉིན་བྲིས།

ཚེ་གྲུབ། མིང་དངོས་ཚེ་རིང་དོན་གྲུབ། 1993ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན། ད་རག་བར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་གི་ལས་ཀ་གཉེར། བྱས་འབྲས་ལ་འཆར་འགོད་དང་གཙོ་སྒྲིག་གཅིག་ལྕོགས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་དེབ་ཕྲེང«བོད་ཀྱི་སློབ་འབྲིང་སློབ་མའི་ངེས་བཀླག་དེབ་ཕྲེང»(པོད་སུམ་ཅུ)སོགས་རྒྱལ་ཁབ་ཀྱི་དཔེ་སྐྲུན་རྣམ་གྲངས་བཅུ་ཁར་འབུད་ཉེ་ཙམ། རང་རྩོམ་ལ་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི«བྱ་ཁྱུང་གདན་རབས»རྒྱ་འགྱུར་མ། «སོ་ལྟ་དང་གཟབ་ཉན། —བོད་ཀྱི་སྙན་ངག་གསར་བ་བདམས་དཔྱད»སོགས་ཙམ་མཆིས།
འབྲེལ་ཡོད་འོས་སྦྱོར།