logo

ཉེ་ཆར«བོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་འཕོ་འགྱུར་ལ་དཔྱད་པ»ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:ཕྱག་རྡོར་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-11-22 ཀློག་གྲངས།:
       ཉེ་ཆར་བྲག་དཀར་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་བཞིན་པའི«བྲག་དཀར»དཔེ་ཚོགས་ལས་རྩོམ་པ་པོ་ཕྱག་རྡོར་སྐྱིད་ཀྱིས་བརྩམས་པའི་རིག་གཞུང་ཞིབ་འཇུག་གི་དཔྱད་འབྲས་གསར་པ«བོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་འཕོ་འགྱུར་ལ་དཔྱད་པ། ཨ་མདོ་བ་ཡན་ཁ་སྒང་དཔེར་བྱས་ཏེ་གླེང་བ»ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།
       2022ལོའི་ཟླ8པར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་པའི«བོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་འཕོ་འགྱུར་ལ་དཔྱད་པ། ཨ་མདོ་བ་ཡན་ཁ་སྒང་དཔེར་བྱས་ཏེ་གླེང་བ»ཞེས་པའི་རིག་གཞུང་ཞིབ་འཇུག་གི་ཆེད་དེབ་འདི་ནི། རྩོམ་པ་པོས་ལོ་ངོ་དུ་མར་དཀའ་སྤྱད་འབད་བརྩོན་གྱིས་རིག་གནས་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སོགས་གཞུང་ལུགས་དང་ཡུལ་དངོས་རྟོག་ཞིབ་བཅས་ཟུང་འབྲེལ་གྱི་ཞིབ་འཇུག་ཐབས་ལམ་སྤྱད་དེ་ས་གནས་ལོ་རྒྱུས་དང་ད་ལྟའི་གནས་བབ་སོགས་ཞིབ་ཅིང་རྒྱས་པའི་སྒོ་ནས་ཞིབ་འཇུག་གནད་དུ་སྨིན་པར་བྱས་ཡོད་པའི་དཔེ་དེབ་ཅིག་ཡིན།
       ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་བྲིས་གནང་བའི་དེབ་འདིའི་འགོ་བརྗོད་དུ་ཁོང་གིས་གསུང་དོན། མདོ་སྨད་བ་ཡན་གྱི་ཁ་སྒང་ནི་མི་རིགས་ཀྱི་ཁོངས་གཏོགས་དང་རིག་གནས་ཀྱི་ངོས་འཛིན་གཉིས་ཀའི་ཆ་ནས་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པའི་གྲོང་ཚོ་ཆེན་པོ་ཞིག་རེད། ཡུལ་དེའི་སྡོད་མི་རྣམས་སྔ་མ་བོད་རིགས་ཡིན་པ་དང་རྗེས་སུ་ལོ་རྒྱུས་ཀྱི་དབང་གིས་ཧོས་རིགས་སུ་འཕོ་འགྱུར་བྱུང་བ་མ་ཟད། བོད་ཀྱི་རིག་གནས་ཀྱང་དབྱི་སི་ལན་ཆོས་ལུགས་སུ་འགྱུར་ཡོད་པས། དེང་རབས་རིག་གཞུང་ཞིབ་འཇུག་པ་རྣམས་ཀྱི་སྣང་ངོར་དེ་དཔེ་མཚོན་གྱི་རང་བཞིན་གསལ་ཞིང་དམིགས་བསལ་གྱི་དོན་སྙིང་ལྡན་པའི་ཞིབ་འཇུག་གི་བརྗོད་བྱ་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་། དེའི་སྐོར་ལ་ཞིབ་འཇུག་བྱས་པའི་འབྲས་བུ་མང་པོ་མེད་པ་མ་ཟད། ཉུང་ཙམ་ཡོད་པ་རྣམས་ཀྱང་བོད་ཡིག་སྟེང་དུ་བཀྲམ་ཐུབ་མེད།
       ཁ་སྒང་གི་མི་རིགས་འཕོ་འགྱུར་སྐོར་ལ། ཕྱི་ཚུལ་ནས་བལྟས་ན་བོད་རིགས་རྣམས་དུས་དང་རྐྱེན་གྱི་དབང་གིས་ཧོས་རིགས་སུ་རིམ་གྱིས་འགྱུར་བ་ཙམ་རེད་མོད། དེ་ལ་རིག་གཞུང་གིས་ཞིབ་འཇུག་བྱས་ན་ཕྱི་ཚུལ་གྱི་རྣམ་པའི་འགྱུར་ལྡོག་མ་ཟད། དེའི་ནང་གི་འགྱུར་བ་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་དཔྱད་པ་ཞིབ་ཆ་གཏོང་དགོས་པ་སྨོས་མ་དགོས།
       རྩོམ་པ་པོས་ཞིབ་འཇུག་གི་སྐབས་སུ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱི་གསུང་སྒྲོས་ལ་ཁུངས་བཅོལ་ནས་ཞིབ་འཇུག་གི་བསམ་བློ་དང་ཐབས་ལམ་ཡང་དག་པ་སྐྱོང་ཅི་ཐུབ་བྱས་པ་དང་ཆབས་ཅིག་ཏུ། སྔར་ཡོད་ཀྱི་ཞིབ་འཇུག་གི་འབྲས་བུའི་རྨང་གཞིའི་སྟེང་ནས། ཡུལ་དངོས་རྟོག་དཔྱོད་དང་སྔར་ཡོད་ཡིག་ཆ་ཟུང་འབྲེལ་བྱས་ནས་ཞིབ་འཇུག་བྱས་ཏེ་རང་གི་ལྟ་བ་དོན་དུ་འཁེལ་བ་མང་པོ་བཏོན་ཡོད། མི་རིགས་ཤིག་མི་རིགས་གཞན་ཞིག་ཏུ་འགྱུར་ན་དེའི་མི་རིགས་ཀྱི་གྲུབ་ཆར་གཏོགས་པའི་རྟགས་མཚན་ཆེན་པོ་བཞི་དེ་ལ་འགྱུར་བ་འབྱུང་དགོས་པ་དང་། དེ་རེ་རེ་ལ་འགྱུར་བ་འབྱུང་ན། དེ་དག་ལ་ཡང་སྤྱི་ཚོགས་ཀྱི་རྒྱུ་དང་རྐྱེན་གང་མང་ཚང་དགོས་པ་མ་ཟད། རྒྱུ་དང་རྐྱེན་དེ་དག་ཅི་ལྟར་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་བརྒྱུད་རིམ་ལའང་རྩད་གཅོད་དང་ཞིབ་འཇུག་ཞིབ་ཏུ་བྱ་དགོས་པ་ཞིག་རེད། རྩོམ་པ་པོ་ཁ་སྒང་གྲོང་ཚོའི་ནང་དུ་སོང་ནས་ཡུལ་མི་རྒན་གཞོན་རྣམས་ལ་དངོས་སུ་བཅར་འདྲི་བྱས་པ་དེ་ནི། འགྱུར་བ་དེ་དག་གི་རྒྱུ་དང་རྐྱེན་རྣམས་ལ་ཤེས་རྟོགས་འབྱུང་བའི་ཐབས་ལམ་འབའ་ཞིག་ཡིན་པ་དང་། ཁ་སྒང་བོད་ཧོས་ཀྱི་སྤྱི་ཚོགས་གནས་བབ་ལ་རྩད་གཅོད་བྱས་ནས་ལོ་རྒྱུས་ཀྱི་ཟིན་བྲིས་གལ་ཆེན་པོ་བཏབས་ཡོད་པ་རིན་ཐང་ཤིན་ཏུ་ཆེ་སྙམ། མོ་རང་གི་དེབ་འདིར་བྲིས་ཡོད་པ་དང་དེའི་ནང་དུ་ཚུད་མེད་པའི་གནས་བབ་ཞིབ་འཇུག་དེ་རྣམས་ནི་སྤྱི་ཚོགས་ལོ་རྒྱུས་རིང་མོའི་ནང་གི་འགྱུར་ལྡོག་རྣམས་ཀྱི་དཔེ་མཚོན་ཞིག་རེད། སྲོལ་རྒྱུན་གྱི་ཆོས་ལུགས་དད་མོས་སྔ་མ་ལོགས་སུ་བསྐྱུར་ནས་ཆོས་ལུགས་གསར་པ་ཞིག་དང་ལེན་བྱས་པས་ཡུལ་དེའི་བོད་མིའི་བསམ་བློའི་འཁྱེར་སོ་ལ་འགྱུར་ལྡོག་ཆེན་པོ་བཏང་པ་མ་ཟད། དེ་དང་བསྟུན་ནས་དེའི་ཡུལ་སྲོལ་གོམས་འདྲིས་ལའང་ཤུགས་རྐྱེན་མངོན་གསལ་ཐེབས་ཡོད། ཞིབ་འཇུག་པ་ཁ་ཤས་ཀྱིས་ཁ་སྒང་བོད་ཧོས་ལ་བོད་སྐད་མ་གཏོགས་བོད་ཀྱི་ཡུལ་སྲོལ་གོམས་འདྲིས་གཅིག་ཀྱང་ལྷག་མེད་པར་བཤད་མོད། ཕྱག་རྡོར་སྐྱིད་ཀྱིས་ཡུལ་དངོས་རྟོག་དཔྱོད་བྱས་པའི་འབྲས་བུ་ལ་བལྟས་ན། དེ་ཙམ་གྱིས་མ་འཐུས་པར། གྱོན་ཆས་དང་གླུ་གར་དང་མདའ་རྩེད་ལ་སོགས་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ངེས་ཅན་ཞིག་ད་རག་བར་དུ་ཉར་ཡོད་པ་མ་ཟད། ཁོ་ཚོ་བོད་ཧོས་ཡིན་པར་ཁས་བླངས་ཤིང་དེ་ཧོས་རིགས་ནང་ནས་གཞན་དང་མི་མཚུངས་པའི་རིགས་རྒྱུད་ཅིག་ཏུ་ངོས་འཛིན་བྱེད་བཞིན་པའི་འདུ་ཤེས་དེ་བོད་ཧོས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཏུ་གོ་ཆོག
       གཞན་ཡང་། དེང་རབས་བོད་པ་རྣམས་ཀྱི་ཞིབ་འཇུག་གི་བརྗོད་བྱ་ཕལ་ཆེ་བ་རྣམས་གནའ་རབས་ཀྱི་ལོ་རྒྱུས་དང་རིག་གནས་ཡིན་པ་ལས། དེང་རབས་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་ལ་ཞིབ་འཇུག་བྱེད་མཁན་ཤིན་ཏུ་ཉུང་། གཞོན་སྐྱེས་རྣམས་ཀྱིས་རང་གི་མི་རིགས་ཀྱི་གནས་བབ་ལ་དོ་སྣང་མེད་པ་དང་མ་མཐའ་ཡང་དོ་སྣང་ཞན་པ་དེ་མི་རིགས་ཤིག་གི་ཡར་རྒྱས་དང་གོང་འཕེལ་ལ་མཚོན་ན་སྔགས་བརྗོད་འོས་པའི་བྱ་བ་ཞིག་མིན་པར་སྙམ། ལོ་རྒྱུས་ལ་ཕྱིར་བལྟས་བྱ་རྒྱུ་གལ་ཆེ་མོད། དེང་རབས་ཀྱི་གནས་བབ་དང་མ་འོངས་པའི་མདུན་ལམ་ལ་དོ་སྣང་དང་བསམ་གཞིགས་གཏོང་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེ་བར་མཐོང་། གཞོན་སྐྱེས་རྣམས་ཀྱིས་དེང་རབས་ཀྱི་གནས་བབ་ལ་དོ་སྣང་དང་སེམས་ཁུར་བྱེད་མཁན་ཅི་ལྟར་མང་ན་སྤྱི་ཚོགས་ཀྱང་དེ་ལྟར་ཡར་རྒྱས་དང་གོང་འཕེལ་འགྲོ་ཐུབ་པ་ནི་ཡོངས་ཁྱབ་ཀྱི་ཆོས་ཉིད་རེད། མ་འོངས་པར། རྩོམ་པ་པོས་མུ་མཐུད་དུ་ཁ་སྒང་བོད་ཧོས་ཀྱི་གནས་བབ་ལ་དོ་སྣང་དང་ཞིབ་འཇུག་གནང་བའི་རེ་བ་ཡོད།

རྩོམ་པ་པོ་ངོ་སྤྲོད།
       ཕྱག་རྡོར་སྐྱིད། བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་གླང་ཆེན་སྡེ་བར་སྐྱེས། 2011ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་ནས་རབ་འབྱམས་པའི་བསླབ་གནས་བླངས། 2012ལོར་བོད་ལྗོངས་དཔེ་མཛོད་ཁང་གནའ་དཔེ་སྲུབ་སྐྱོབ་ལྟེ་གནས་སུ་ལས་གཉེར་བྱས། སྔ་ཕྱིར«གངས་ལྗོངས་རིག་གནས»དང«བོད་ལྗོངས་ཚན་རྩལ» «བོད་ལྗོངས་ཞིབ་འཇུག» «མི་རིགས་རྩོམ་རིག» «རྩེར་སྙེག» «ཀྲུང་གོའི་དེང་རབས་རྩོམ་རིག་བརྩམས་ཆོས་གཅེས་བཏུས།»(2018)སོགས་སུ་དཔྱད་རྩོམ་དང་སྒྱུར་རྩོམ་འགའ་རེ་སྤེལ་མྱོང་། «བོད་ལྗོངས་ཐེངས་བཞི་པའི་རྒྱལ་ཁབ་རྩ་ཆེའི་གནའ་དཔེའི་མིང་མཛོད་དུ་བཞུགས་པའི་དཔར་མཛོད»དང«བོད་ལྗོངས་ནག་ཆུ་ས་ཁུལ་གྱི་བོད་ཡིག་གནའ་དཔེའི་དཀར་ཆག» «བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རྩ་ཆེའི་གནའ་དཔེའི་དཔར་མཛོད» «བོད་ལྗོངས་མངའ་རིས་ས་ཁུལ་གྱི་བོད་ཡིག་གནའ་དཔེའི་དཀར་ཆག» «བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྩ་ཆེའི་གནའ་དཔེའི་དཔར་མཛོད»བཅས་དེབ་བཞིའི་རྩོམ་སྒྲིག་ལག་བསྟར་བྱས་ཏེ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས། 2016ལོ་ནས་བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་སུ་ལས་གཉེར་བྱེད་བཞིན་ཡོད། 2019ལོར་མཚོ་སྔོན་ཞིང་ཆེན་གྲང་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་བྱ་བའི་ཕུལ་བྱུང་ལས་སྒྲུབ་མི་སྣའི་གཟེངས་བསྟོད་བྱ་དགའ་ཐོབ།
འབྲེལ་ཡོད་འོས་སྦྱོར།