logo

ནོར་དཔལ་རྒྱལ་ལགས་ཀྱི་དེབ་གསར་གཉིས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-12-08 ཀློག་གྲངས།:
 
ནང་དོན་གནད་བསྡུས།
       «མཚོ་སྔོན་པོ་རྐང་ཚའི་ཡུལ་སྲོལ་ཆེན་པོ་གསུམ་ཡན་ལག་འཕྲོས་བཅས་སུ་བཤད་པ»(དེབ་དང་པོ)དང་། «མཚོ་འཁོར་འབྲོག་པའི་ཕལ་སྐད་འགའི་གསལ་བཤད་ཁ་མཚར་འཁོར་ལོ»(དེབ་གཉིས་པ)ཞེས་པ་ནི་སྤྱི་ལོ2010ནས་རིམ་གྱིས་བྲིས་ཤིང་། དེབ་དང་པོའི་ནང་དོན་ནི་མདོ་སྨད་རྐང་ཚའི་ཡུལ་གྱི་བྱིས་པའི་མནོལ་སྟོན་དང་། གྱ་སྟོན་གྱི་རིམ་པ། ལོ་སར་རོལ་སྟངས། གཤིན་ནམ་འདས་མཆོད་ཀྱི་སྐོར་བཅས་བྲིས་ཡོད། བྱེ་བྲག་གིས་བཤད་པ་དང་། ཤགས་དང་དམངས་གླུ། ལ་གཞས། ཁ་མཚར་སོགས་ཀྱི་ངག་རྩོམ་གྱི་རིགས་ལེན་སྟངས་དང་། སྟོན་མོའི་གྲ་སྒྲིག་གི་བྱ་བ། འདས་མཆོད་ཀྱི་ལུགས་སྲོལ་སྣ་ཚོགས་བཅས་འཁོད། དེབ་གཉིས་པར་མདོ་སྨད་རྐང་ཚའི་ཕྱོགས་ཀྱི་ཡུལ་སྐད་རྙིང་པའི་རིགས་བསྡུས་ཤིང་། དེ་དག་འགྲེལ་བཤད་དམ་དོན་གྱི་བཤད་པ་མདོར་བསྡུས་བཅས་བཀོད་ཡོད།
རྩོམ་པ་པོ་ངོ་སྤྲོད།
       ནོར་དཔལ་རྒྱལ། མཚོ་སྔོན་པོ་རྐང་ཚའི་ཡག་མོ་ཞེས་པའི་འབྲོག་སྡེ་ཞིག་ཏུ་སྐྱེས། ཆུང་དུས་ནས་གནག་རྫི་བྱས་ཏེ་རྒས་པའི་འབྲོག་པ་དཀྱུས་མ་ཞིག་ཡིན། རང་ལོ་བཅུ་ཡས་མས་ནས་བཟུང་སྡེ་བའི་རྒན་པ་རེ་ཟུང་གི་མདུན་ནས་ཡི་གེ་འདོན་ཀློག་དང་འབྲི་སྦྱོང་བསླབས་ཤིང་རིམ་གྱིས་དགའ་མོས་ཤིན་ཏུ་བྱུང་སྟབས་རང་སྦྱོང་གིས་རྩོམ་ཡིག་གསར་རྩོམ་སོགས་ཀྱི་ལས་སུ་ཞུགས། ད་ལྟའི་བར་འབྲོག་པའི་འཚོ་བ་དང་རང་སའི་ཡུལ་སྲོལ། རང་གི་མི་ཚེའི་ཉམས་མྱོང་བཅས་ཀྱིས་གཙོས་པའི་རྩོམ་ཡིག་བཅད་ལྷུག་སྤེལ་གསུམ་མང་པོ་བྲིས་ལ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང་། «གངས་རྒྱན་མེ་ཏོག» «ལྷོ་ཁའི་སྒྱུ་རྩལ» «མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ» «མཚོ་སྔོན་ཁྲིམས་ལུགས་ཚགས་པར»སོགས་སུ་སྙན་རྩོམ་མང་པོ་སྤེལ། སྔ་རྗེས་སུ«ཕྱུགས་རྫིའི་རང་གཏམ»དང་། «སྨུག་ཀློང་གི་རྫི་གླུ་གཉོམ་པོ»ཞེས་པ་གཉིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
འབྲེལ་ཡོད་འོས་སྦྱོར།