རྒྱུད་བཞིའི་དཔེ་རྙིང་ཀུན་བཏུས་ཤིག་དཔེ་སྐྲུན་འགྲེམ་སྤེལ་བྱས་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2022-12-26
ཀློག་གྲངས།:
སྤྱི་ཚེས22ཉིན་གསར་འགོད་པར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། «ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས»(དེབ61-70བར)དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། དེའི་ནང་དུས་སྐབས་མི་འདྲ་བ་དང་པར་གཞི་མི་འདྲ་བའི«རྒྱུད་བཞིའི»པར་མ་ཁག18ཚུད་ཡོད་པ་རེད།
«རྒྱུད་བཞི»ནི་སྤྱི་ལོའི་དུས་རབས་བརྒྱད་པར་བོད་ཀྱི་གསོ་བ་རིག་པའི་མཁས་པའི་དབང་པོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་བརྩམས་ཤིང་། ཁྱོན་ལེའུ156ཡོད། དེ་ནི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་ལག་ལེན་དང་གཞུང་ལུགས་ཀྱི་སྙིང་བཅུད་གཅིག་ཏུ་བསྡུས་པའི་གསུང་རབ་བཀའ་རྩོམ་ཞིག་དང་། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཁྲོད་གནས་བབ་མཐོ་ཤོས་དང་བརྒྱུད་རིམ་ལྡན་ཤོས་ཀྱི་གསོ་རིག་དཔེ་དེབ་ཅིག་ཡིན་པས། «ཀྲུང་གོའི་ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་ཤུལ་བཞག་གི་མིང་གཞུང»དང«འཛམ་གླིང་གི་དྲན་ཤེས་ཏེ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མིང་གཞུང»གི་མིང་ཐོའི་ནང་བཅུག་ཡོད།

དཔེ་ཚོགས་དེ་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་དཔེ་རྙིང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་ལྟེ་གནས་ཀྱི་དཔྱད་གཞི་ཚོགས་ཆུང་གིས་བསྡུ་རུབ་དང་ལེགས་སྒྲིག་བྱས་པ་ཞིག་རེད། དཔྱད་གཞི་ཚོགས་ཆུང་གི་འགན་འཁུར་བ་གཙོ་བོ་གླང་མཐོང་རྡོ་རྗེ་སྒྲོལ་དཀར་ལགས་ཀྱིས། དཔེ་ཚོགས་དེའི་དཀའ་གནད་ཆེ་ཤོས་ནི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་བྱ་རྒྱུ་དེ་རེད། དུས་ཡུན་རིང་པོའི་ནང་དཔྱད་གཞི་འཚོལ་བསྡུ་བྱས་པ་བརྒྱུད་དཔྱད་གཞི་ཚོགས་ཆུང་ལ་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་གྲྭ་ཐང་པར་མ་དང་དཔལ་སྤུངས་པར་མ། ཇོ་རིའི་པར་མ། ལྷུན་གྲུབ་པར་མ། རྫོང་དཀར་པར་མ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མ། སྒམ་པོའི་པར་མ་སོགས་པར་མ་མི་འདྲ་བ18བསྡུ་རུབ་བྱས་ཤིང་མང་ཆེ་བ་ཆ་ཚང་བའི་པར་མ་ཡིན། དེ་ལས་དཔལ་སྤུངས་པར་མ་ནི་ལག་བྲིས་ཚོན་ལྡན་ཡིན་ལ་མཆན་བཏབ་པའང་ཆེས་ཆ་ཚང་ཞིང་། ལྷུན་གྲུབ་པར་མ་ནི་རྩ་ཆེའི་པར་མ་ཆ་ཚང་ཡིན་པ་དང་། རྫོང་དཀར་པར་མ(ཚོན་ལྡན)དང་ཇོ་རིའི་པར་མ་གཉིས་ཆ་མི་ཚང་རུང་ཆེས་མཐོང་དཀོན་པའི་པར་མ་ཡིན་ཞེས་གསུངས་པ་རེད།
གླང་མཐོང་རྡོ་རྗེ་སྒྲོལ་དཀར་ལགས་ཀྱིས། དཔེ་སྐྲུན་འགྲེམས་སྤེལ་བྱས་པའི«ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས»(དེབ1-60བར)ནང་ད་དུང་ལག་བྲིས་པར་མ་དང་། པེ་ཅིང་པར་མ། སོག་པོའི་པར་མ་བཅས་པར་མ་མི་འདྲ་བ་གསུམ་གྱི«རྒྱུད་བཞི»ཡོད་ཅེས་དང་། ཁོང་གིས། དཔྱད་གཞི་ཚོགས་ཆུང་གིས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བསྡུ་རུབ་བྱས་པའི་པར་མ21གི«རྒྱུད་བཞི»ཚང་མ་དཔེ་སྐྲུན་བྱས་ནས་རྒྱ་ཆེའི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ལ་ཞིབ་འཇུག་དང་ཕན་ཐོགས་རྒྱུའི་རེ་བ་ཡོད། རྣམ་གྲངས་ཀྱི་འཆར་འགོད་ལྟར། «ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས»(དེབ71-80)འཚོལ་བསྡུ་ལེགས་སྒྲིག་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་པ་དང་། འབྱུང་འགྱུར་དཔེ་སྐྲུན་མ་དངུལ་ཆོག་འཐུས་ཀྱི་གནས་ཚུལ་འོག་དེབ100བར་དཔེ་སྐྲུན་བྱ་རྩིས་ཡོད་ཅེས་གསུངས་པ་རེད།

«ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས»ཞེས་པ་ལེགས་སྒྲིག་རྣམ་གྲངས་དེ་སྤྱི་ལོ2010ལོ་ནས་བཟུང་སྤེལ་འགོ་ཚུགས་ཤིང་། སྔ་རྗེས་སུ་དེབ60པར་སྐྲུན་འགྲེམས་སྤེལ་བྱས་ཡོད། སྤྱི་ལོ2014ལོའི་ཟླ6པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས«ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས»(དེབ1-30བར)པར་དུ་བསྐྲུན་པ་དང་། སྤྱི་ལོ2021ལོའི་ཟླ1པོར་དེབ60བར་དཔེ་སྐྲུན་བྱས་ཤིང་། དེའི་ནང་བོད་ལུགས་གསོ་རིག་གི་ལོ་རྒྱུས་དང་རྨང་གཞིའི་གཞུང་ལུགས། སྨན་ལུགས། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་། སྨན་རྫས་སྦྱོར་བཟོ་དང་གནམ་རིག་སྐར་རྩིས་སོགས་ཀྱི་ནང་དོན་འདུས་ཡོད་ཁར་ཁྱོན་བསྡོམས་དཔེ་རྙིང་སྣ་ཁ1588དང་ཤོག་ངོས96446 ཡིག་འབྲུ་ཁྲི4900ལྷག་ཙམ་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།