logo

དེབ་གསར་འོས་སྦྱོར།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2023-01-05 ཀློག་གྲངས།:
«འཕགས་པ་ལངྐར་གཤེགས་པའི་མདོ་འགྲེལ་ཕྱོགས་བསྒྲིགས»
       འཕགས་པ་ལངྐར་གཤེགས་པ་རྣམ་པར་ཕྱེ་བའི་མདོ་ལ་རྒྱ་ནག་སྐད་དུ《楞伽》全称《楞伽阿跋多罗宝经》ཟེར་བ་ནི་སྟོན་པ་ཤཱཀྱ་ཐུབ་པ་ལངྐའི་ཡུལ་ཏེ་དེང་གི་སངྒ་ལའི་ཡུལ་དུ་བྱོན་ནས་སྲིན་པོའི་རྒྱལ་པོ་མགྲིན་བཅུ་འབོད་འགྲོགས་དང་གནོད་སྤྱིན་གྱི་ཚོགས་ལ་གསུངས་པའི་ཐེག་ཆེན་སེམས་ཙམ་པའི་མདོ་ཞིག་ཡིན། མདོ་འདི་ལ་བསླབ་པ་ཀུན་དགའི་འགྱུར། བྱང་ཆུབ་སྲེད་པའི་འགྱུར། ཡོན་ཏན་བཟང་པའི་འགྱུར་བཅས་འགྱུར་ཁ་ཤས་བྱུང་མོད། དེབ་ཚོགས་འདིར་འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ་བོད་ཀྱི་ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་དུས་རབས་དགུ་པའི་དུས་དཀྱིལ་ཙམ་ལ་ཏུན་ཧོང་ཡུལ་ནས་སྤྱི་ལོ༨༣༣ནས༨༦༥བར་ལ་བོད་ཡིག་ཏུ་བསྒྱུར་དུས་འགྱུར་འགྲེལ་གཞན་དང་ལེགས་སྦྱར་གྱི་མ་དཔེ་སོགས་རྒྱ་དཀར་ནག་གི་དཔེ་ལ་གཏུགས་ཏེ་བསྒྱུར་པ་ལེའུ་བརྒྱད་དང་བམ་པོ་དགུ་བཞུགས་པ་དེ་དང་། འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོ་སྟེ་བམ་པོ་བརྒྱད་ཅན་ཞིག་སྡེ་དགེའི་བཀའ་འགྱུར་ཁྲོད་ཀྱི་མདོ་སྡེ་པོདཔར་བཞུགས་པ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་རྒྱའི་སློབ་དཔོན་ཝེན་ཧྭི་ཡིས་མཛད་པའི་འགྲེལ་བ་དང་སྦྱར་ནས་ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་བསྒྱུར་པ་དེ་གཉིས་ལངྐར་གཤེགས་པའི་མདོ་རྩ་བ་རུ་བཏུས་པ་པོད་དང་པོ་རུ་འཁོད་ཡོད།
       འཕགས་པ་ལངྐར་གཤེགས་པའི་འགྲེལ་པ་ལ་ལེའུ་ཆེན་པོ་དྲུག་གི་བདག་ཉིད་ཅན་ཞིག་ཡོད་པ་སློབ་དཔོན་ཆེ་ཤེས་བཟང་པོས་མཛད་པ། སྡེ་དགེའི་བསྟན་འགྱུར་གྱི་མདོ་སྡེནིཔར་བཞུགས་པ་པོད་གཉིས་པ་རུ་འཁོད་ཡོད།
       འཕགས་པ་ལངྐར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལེའུ་དགུ་པའི་བདག་ཉིད་ཅན་ཞིག་ཡོད་པ། རྒྱའི་མཁན་པོ་ཛྙཱ་ན་བཛྲས་མཛད་པ་སྡེ་དགེའི་བསྟན་འགྱུར་གྱི་མདོ་སྡེ་པོདཔིཔར་བཞུགས་པ་པོད་གསུམ་པར་འཁོད་པ་འདི་དག་རྒྱ་ཆེའི་སློབ་གཉེར་བ་རྣམས་ལ་གཟིགས་བདེ་པ་དང་འཚོལ་སླ་བར་དམིགས་ནས་པར་བསྐྲུན་འགྲེམས་སྤེལ་བགྱིས་ཡོད་དོ། །
______________
«འཛམ་གླིང་ལོ་རྒྱུས་སྤྱི་བཤད»
སྒྱུར་པ་པོའི་གཏམ།
       «འཛམ་གླིང་ལོ་རྒྱུས་སྤྱི་བཤད»ནི་ཝེ་འོལ་སིས་བརྩམས་པའི་ལོ་རྒྱུས་གྲགས་ཅན་ཞིག་ཡིན། རྩོམ་པ་པོས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ནས་བརྩམས་ཏེ། ནང་བཅུད་ཀྱི་སེམས་ཅན་བྱུང་ཚུལ། མིའི་འགྲོ་བ་འཕེལ་འགྱུར་དང་ཤེས་རིག་དར་རྒྱས་བྱུང་ཚུལ་གྱིས་གཞུང་བསྲིངས་ཏེ། འཛམ་གླིང་འཁྲུག་ཆེན་དང་པོའི་ཡན་གྱི་མིའི་རིགས་ཀྱི་ཆབ་སྲིད། དཔལ་འབྱོར། རིག་གནས། མི་རིགས། ཆོས་ལུགས། དམག་འཁྲུག རྒྱལ་ཁབ། བཟོ་རིག ཚན་རྩལ་སོགས་དང་། སོ་ཁ་ར་ཐི་སི། ཕེ་ལེ་ཐུ། ཨ་རེ་སི་ཐོ་ཐོལ། ཤཱཀྱ་ཐུབ་པ། ཡེ་ཤུ ཁུང་ཙི་སོགས་མཁས་པ་རིམ་བྱོན་དང་། ཨ་ལི་ཁ་གཟན་དྷ། མྱ་ངན་མེད། རོམ་གོང་མ། ཨུ་རུ་སུའི་གོང་མ་སོགས་རྒྱལ་པོ་གྲགས་ཅན་རྣམས་བྱུང་ཚུལ། ཨ་རི། འཇར་མན། འཇའ་ཕན་སོགས་རྒྱལ་ཁབ་སྟོབས་འབྱོར་ཅན་འགའི་མངའ་ཐང་རྒྱས་ཚུལ། ཧྥ་རན་སིའི་གསར་བརྗེ་ཆེན་པོ། ཨ་རིའི་ནང་འཁྲུག ཟླ་བ་བཅུ་པའི་གསར་བརྗེ་སོགས་གསར་བརྗེ་སྣ་ཚོགས་བྱུང་ཚུལ་སོགས་རིམ་པར་བརྗོད་པ་དང་། ཁྱད་པར་དུ་ལོ་རྒྱུས་སུ་བྱུང་བའི་བྱ་བ་ལེགས་ཉེས་མང་པོར་བརྟགས་ཤིང་དཔྱད་ནས་མིའི་རིགས་ལ་གཏན་གྱི་རིན་ཐང་ཡོད་པའི་བསམ་བློ་རྣམས་རྩལ་དུ་བཏོན་ནས་བསྟན་ཅིང་། དངོས་ལུགས། ས་ཁམས། སྐྱེ་དངོས་སོགས་ཚན་རིག་གི་ཤེས་བྱ་དུ་མས་ཟུར་བརྒྱན་ཏེ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་རིང་མོ་ལྟ་སྤྲོ་བའི་སྒྲུང་གཏམ་དུམ་བུ་དུ་མའི་ཕྲེང་བ་ལྟར་བརྒྱུས་ནས། ལོ་རྒྱུས་ཀྱི་གཟིགས་མོ་ཕུན་སུམ་ཚོགས་པ་ཀློག་པ་པོའི་མིག་གི་དགའ་སྟོན་དུ་བསྐྲུན་ཡོད། «འཛམ་གླིང་ལོ་རྒྱུས་སྤྱི་བཤད»ལ་ལེའུ་དྲུག་ཅུ་རེ་བདུན་ཡོད་པས་བརྗོད་བྱ་རྒྱ་ཆེ་ཡང་། རྗོད་བྱེད་ཚིག་གོ་བདེ་བས་དོན་རྟོགས་སླ་བ་དང་། ལོ་རྒྱུས་ཀྱི་བྱུང་རིམ་གསལ་བས་སྤྱི་ཁོག་འཛིན་བདེ་བ། ལོ་རྒྱུས་དོན་རྐྱེན་དང་མི་སྣ་དག་ལ་བློ་གཟུ་བོས་དཔྱད་པས་གདེང་འཇོག་དྲང་བ་སོགས་ཀྱི་དབང་གིས། ལོ་རྒྱུས་འདི་རྒྱལ་ཁབ་མང་པོའི་མི་རིགས་དུ་མའི་ཡི་གེར་བསྒྱུར་ཏེ། རིགས་རུས་ཐ་དད་མང་པོའི་ཀློག་པ་པོ་མཐའ་ཡས་པས་མགྲིན་གཅིག་ཏུ་བསྔགས་པའི་གནས་སུ་གྱུར།
       «འཛམ་གླིང་ལོ་རྒྱུས་སྤྱི་བཤད»ཀྱི་བོད་ཡིག་གི་འགྱུར་ད་ཕན་རྒྱལ་ཁབ་ཕྱི་ནང་གང་དུའང་མ་མཐོང་བས། ལོ་རྒྱུས་འདི་བོད་ཡིག་ཏུ་སྒྱུར་འདོད་ཀྱི་ཀུན་སློང་དྲག་པོས་བསྐུལ་ཏེ། ལོ་གསུམ་གྱི་སྔོན་ཙམ་ནས་ཕྲན་གྱིས་འདིའི་དབྱིན་ཡིག་གི་མ་ཡིག་དང་རྒྱ་ཡིག་གི་འགྱུར་མི་འདྲ་བ་གསུམ་ཙམ་གཞིར་བྱས་ནས་བསྒྱུར་བ་ཡིན། སྒྱུར་སྟངས་ལ་ཡུལ་མིང་དང་མིའི་མིང་རྣམས་སྒྲ་བསྒྱུར་བྱས་ནས་སྐད་དོད་ལ་དབྱིན་ཇིའི་སྒྲ་རང་སོར་བཞག་པ་དང་། རྗོད་བྱེད་ཚིག་ལ་མངོན་བརྗོད་དང་བརྡ་རྙིང་གིས་མ་བཅིངས་པར་འཁྱོག་བརྗོད་དང་བྲལ་བར་བྱས་ཤིང་། ཐ་སྙད་རྒྱུས་མེད༡༡༠༠ཙམ་ཁོལ་འདོན་བྱས་ནས་བོད་རྒྱ་དབྱིན་གསུམ་ཤན་སྦྱར་བྱས་ཁར་འགྲེལ་བ་ཁ་གསལ་ཐུང་ངུ་རེའང་སྦྱར་ནས་མཇུག་ཏུ་བཀོད་དེ། བོད་ཀྱི་ཀློག་པ་པོ་དག་གིས་གོ་བདེ་བའི་ཐབས་སུ་འབད་ཅི་ཐུབ་བྱས་ཡོད། ལོ་རྒྱུས་འདི་རང་གི་ལས་ཀའི་ཞོར་དུ་བསྒྱུར་བ་ཡིན་པས། བྱ་བའི་བྲེལ་ཟིང་ཆེ་སྟབས་འགྱུར་ལ་ཆད་ལྷག་ནོར་གསུམ་ཡོད་ངེས་པས། ཀློག་པ་པོས་ཡོ་སྲོང་ལེགས་བཅོས་ཀྱི་དགོངས་འཆར་ལྷུག་སྩོལ་གནང་བར་ཞུ།
འབྲེལ་ཡོད་འོས་སྦྱོར།