logo

གསར་པར་དཔེ་དེབ་འོས་སྦྱོར།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2023-03-06 ཀློག་གྲངས།:
«ཅོ་ནེའི་སྲིད་པ་ཆགས་གླུ་བཤད་པ་དང་ཨ་རྒྱ་ཞེས་བྱ་བའི་གླུ་རིགས་ཀུན་གསལ་མེ་ལོང»
       «ཅོ་ནེའི་སྲིད་པ་ཆགས་གླུ་བཤད་པ་དང་ཨ་རྒྱ་ཞེས་བྱ་བའི་གླུ་རིགས་ཀུན་གསལ་མེ་ལོང»ཞེས་པའི་སྟོད་སྨད་གཉིས་སུ་གྲུབ་པའི་དཔེ་དེབ་འདིར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྔ་རབས་བོན་གྱི་ལུགས་བཤད་པ། ནང་ཆོས་དང་འབྲེལ་བའི་འཇིག་རྟེན་ཆགས་ཚུལ་བཤད་པ། བོད་ཀྱི་ལོ་རྒྱུས་ལྷག་པར་དུ་ཅོ་ནེའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཁྲོད་ཀྱི་གཉེན་སྒྲིག་དང་འབྲེལ་བའི་གླུ་དབྱངས། དམངས་ཁྲོད་ཀྱི་གཏམ་རྒྱུད། སྤྱན་འདྲེན། སྨོན་ལམ་སོགས་བཀོད་ཡོད་དོ། །

«བོད་སྨན་གཡུ་ཐོག་སྙིང་ཐིག་སྐོར་ཕྱོགས་བསྒྲིགས»
       བོད་ལུགས་གསོ་རིག་དཔལ་ལྡན་རྒྱུད་བཞི་དང་འབྲེལ་བའི་གཡུ་ཐོག་སྙིང་ཐིག་ཅེས་པ་ནི་བོད་ཀྱི་སྲོལ་རྒྱུན་གསོ་རིག་འཛིན་པ་ཞིག་ཡིན་ཕྱིན་ཐོག་མར་འཇུག་སྒོ་འདིའི་དབང་ལུང་གནད་སྨིན་དུ་ཞུ་ཞིང་། དེ་ནས་ཕྱི་ནང་གསང་བའི་བསྙེན་སྒྲུབ་གཞུང་གསལ་ལྟར་མཐར་ཆགས་སམ་མ་མཐར་ལས་རུང་རེ་གནང་བ་གལ་ཆེ། དེ་ནས་སྨན་སྒྲུབ་དང་རྒྱུན་དང་དུས་ཀྱི་ཉམས་བཞེས་གནང་ན་གནའ་སྲོལ་ལྟར་གྱི་བོད་ཀྱི་གསོ་རིག་འཛིན་པ་མིང་དོན་མཐུན་པར་འགྱུར་ངེས་སོ།།
       འདིར་རྫོང་སར་བློ་གྲོས་བོད་སྨན་ཞིབ་འཇུག་ཁང་གིས་བསྒྲིགས་པའི་གཡུ་ཐོག་བེའུ་བུམ་མམ་གཡུ་ཐོག་སྙིང་ཐིག་སྐོར་གྱི་དཔེ་ཚོགས་འདི་ཉིད་པོད་བཞི་ཡིས་གྲུབ་ཡོད་དེ།
       པོད་དང་པོ་ཐོག་མར་རྣམ་ཐར་ལོ་རྒྱུས་སྐོར་ལ། བླ་མ་བརྒྱུད་པའི་རྣམ་ཐར་གཡུ་ཐོག་གསར་རྙིང་གི་རྣམ་ཐར་དབུས་པར་དང་སྡེ་དགེའི་ཤིང་པར་སྔར་ཡོད་གློག་ཀླད་དུ་འབྲུ་ལེན་ཞུས་ཏེ་དཔེ་བསྡུར་གང་ལེགས་གནང་ཞིང་། དེ་ནས་སུམ་སྟོན་ཡེ་ཤེས་གཟུངས་ནས་རྫོང་སར་བོད་སྨན་ཞིབ་འཇུག་ཁང་དུ་བརྒྱུད་པའི་བར་གྱི་བླ་མ་ལྔ་བཅུ་ལྷག་གི་རྣམ་ཐར་མདོར་བསྡུས་རེ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་བླ་བརྒྱུད་གསོལ་འདེབས་ལ་གཞིར་བྱས་ཏེ་གསར་དུ་བསྒྲིགས་ཡོད།
       པོད་གཉིས་པ་གཡུ་ཐོག་བེའུ་བུམ་རྩ་གཞུང་སྡེ་དགེའི་ཤིང་པར་སོར་བཞག་བྱས་ཡོད་ལ། ཤིང་པར་དེར་མ་དག་པ་མང་ཚུལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནས་དཔེ་མཚོན་དང་བཅས་གསུངས་པ་བཞིན་གང་དཔོག་འབྲུ་བཅོས་ཕྲན་བུ་རེ་ཞུས་ཤིང་དབུས་པར་ལའང་གཏུགས་ཡོད།
       པོད་གསུམ་པ་ཆོག་སྒྲིག་སྐོར་ལ་རང་རང་གི་ལུགས་སྲོལ་འགའ་ཙམ་མཆིས་པ་ལས་འདིར་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱིས་ཆོག་སྒྲིག་མཛད་པ་གཞིར་བཞག་བྱས་ཡོད་ཅིང་། དེ་ལ་དེང་དུས་བསྙེན་སྒྲུབ་བྱེད་པོ་ལས་དང་པོ་བ་རྣམས་ལ་མཁོ་ཕྱིར་འཇམ་མགོན་བླ་སྒྲུབ་ཟིན་བྲིས་ལ་ངག་འདོན་ནག་འགྲོས་སུ་བྱས་པ་དང་། སྒྲུབ་པ་དང་སྒྲུབ་ཆེན་སྐབས་ཉེར་མཁོ་གསང་སྒྲུབ་ཀྱི་བཟླས་དམིགས་དང་དངོས་གྲུབ་ལེན་ཆོག་ནག་འགྲོས་སུ་སྦྱར་པའི་ཟུར་འཕྱངས། གཡུ་ཐོག་སྙིང་གི་ཐིག་ལེའི་སྒྲུབ་པ་ཆེན་པོའི་ཁོག་དབུབ། གཡུ་ཐོག་སྙིང་གི་ཐིག་ལེའི་ཕྲིན་ལས་བསྡུས་པ་རྒྱུན་ཁྱེར་བཅས་དང་། ཟབ་ཁྲིད་འཆད་ཐབས་བཅས་གསར་དུ་བྲིས་ཤིང་། ཆོ་ག་རྣམས་དེང་དུས་སེར་སྐྱ་ཀུན་མཉམ་དུ་ཚོགས་པ་ལ་སྟབས་བདེའི་ཕྱིར་ནག་འགྲོས་དགོས་པ་རྣམས་ནག་འགྲོས་ཞུས་ཡོད། དེ་མིན་ཟུར་བཀོལ་ལ་དུང་རོལ་འདོན་མཚམས་སོགས་མཆན་བུ་ཡོད་པ་གཅིག་བཅས་པོད་བཞི་ཡིས་གྲུབ།

«གཡུང་དྲུང་བོན་གྱི་གཞུང་ཁྲིད་ཡིག་ཆ»
       «གཡུང་དྲུང་བོན་གྱི་གཞུང་ཁྲིད་ཡིག་ཆ»ཞེས་པའི་དེབ་ཕྲེང་བཅོ་ལྔའི་བདག་ཉིད་ཅན་འདི་ཉིད་ནི། སྣང་ཞིག་དགོན་གྱི་ཤིང་པར་ཅན་དང་སྣང་དགོན་བཤད་སྒྲུབ་སློབ་གླིང་དུ་བཞུགས་པའི་བྲིས་མ། ཆབ་མདོ་ལྕགས་པར་ཅན་གསུམ་གོ་བསྡུར་གནང་ནས། ཆད་པ་ཁ་བསྐོང་དང་། ལྷག་པ་འཕྲི་བ། འཁྲུག་པ་གོ་རིམ་བསྡེབས་ནས་གཞུང་གི་བབ་དང་མ་ཕྱི་གང་རུང་ལ་བརྟེན་ཏེ་ཐེངས་མང་ཞུས་དག་བྱས་མཐར། གཞུང་ཁྲིད་དཔེ་དེབ་དང་པོ་ཀུན་མཁྱེན་ཉི་མའི་སྡུད་གྲྭ་དང་། དེབ་གཉིས་པ་རྗེའི་ཚད་མ་རྩ་འགྲེལ། འགྲོ་མགོན་ཚད་མ། དཔོན་སློབ་ཡོན་ཏན་རྒྱ་མཚོའི་རྟགས་རིགས་བཅས། དེབ་གསུམ་པ་སྟོན་པའི་ཐེག་རིམ་རྩ་འགྲེལ་གཉིས། གཏན་ཚིགས་ཐིགས་མདོ། མཚན་ཉིད་གསུམ་བཅས། དེབ་བཞི་པ་རྗེའི་ས་ལམ་རྩ་འགྲེལ་གཉིས། འགྲོ་མགོན་ས་ལམ། མཚོན་བྱེད་ཞེ་ལྔ་བཅས། དེབ་ལྔ་བ་ཀུན་མཁྱེན་ཉི་མའི་ཕར་ཕྱིན་སྐབས་དང་པོ་གཉིས་པ། དཔོན་སློབ་རྣམ་དག་འོད་ཟེར་མཆོག་གི་ཕར་ཕྱིན་སྐབས་གསུམ་པ་བཅས། དེབ་དྲུག་པ་རྣམ་དག་འོད་ཟེར་མཆོག་གི་ཕར་ཕྱིན་སྐབས་བཞི་བ་ལྔ་བ་དྲུག་པ་བདུན་པ་བརྒྱད་པ་བཅས། དེབ་བདུན་པ་མཛོད་རྩ་རྒྱལ་བསྟན་གསལ་བའི་རྒྱན་དང་རྗེའི་མཛོད་འགྲེལ། དེབ་བརྒྱད་པ་འདུལ་བའི་རྩ་བ་དང་རྗེའི་ཀུན་བཏུས་དང་མདོར་བསྡུས་ཀྱི་འགྲེལ། འདུལ་བའི་ལས་ཆོག་གསོ་སྦྱོང་བཅས། དེབ་དགུ་བ་མེ་སྟོན་ཆེན་པོའི་དབུ་མ་རྩ་འགྲེལ་དང་། རྗེའི་དབུ་མའི་འགྲེལ་བཅས། དེབ་བཅུ་བ་རྗེའི་གསང་དོན་རྣམ་འབྱེད་དང་དཔོན་སློབ་བཀའ་འགྲེལ། དེབ་བཅུ་གཅིག་པ་མ་རྒྱུད། དེབ་བཅུ་གཉིས་པ་བྲུའི་ཨ་ཁྲིད་དང་ཕྱག་ཁྲིད་བཅས། དེབ་བཅུ་གསུམ་པ་སྙན་རྒྱུད་བཀའ་བརྒྱུད་སྐོར་བཞི། དེབ་བཅུ་བཞི་བ་རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད། དེབ་བཅོ་ལྔ་བ་རྗེའི་བྱང་སེམས་གབ་འགྲེལ་ལ་སོགས་གཅིག་ཏུ་བསྡུས་ནས་དེ་ལ་ཞིབ་འཇུག་པ་དང་སློབ་གཉེར་བ་རྣམས་ཀྱི་སྤྱན་སྔར་ཕུལ་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།