«བོད་ལྗོངས་ཀྱི་བུ་ཕྲུག»བོད་འགྱུར་མ་པར་དུ་བསྐྲུན་པ།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
དུས་ཚོད།:2023-03-29
ཀློག་གྲངས།:
«བོད་ལྗོངས་ཀྱི་བུ་ཕྲུག»ལ་སྐབས་བཅུ་པའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ“རྟ་མཆོག”བྱ་དགའ་ཐོབ་སྐབས་ཀྱི་དཔྱད་འདེམས་པའི་གཟེངས་བསྟོད་དཔྱད་གཏམ།

“བརྩམས་ཆོས་འདིའི་ནང་། བོད་ལྗོངས་ཀྱི་གཞོན་ནུ་ཞིག་གི་མི་ལོ་བཅུ་གཅིག་རིང་གི་བསམ་པའི་འགྱུར་བ་མངོན་སུམ་དུ་བཀོད་ཡོད་ཅིང་། ཁོ་པ་སྐྱོན་བྲལ་ངང་འཚར་ལོངས་བྱུང་བ་ལས། དེང་རབས་ཀྱི་སློབ་གསོས་སྲོལ་རྒྱུན་གྱི་མཁའ་དབུགས་སྟུག་པའི་བོད་ལྗོངས་ལ་གསོན་ཤུགས་དང་རེ་བ་ཆེན་པོ་སྦྱིན་པ་མཚོན་ཡོད་ལ། སླད་ཕྱིན་ཀྱང་སློབ་གསོས་བོད་ལྗོངས་ལ་ཕན་པ་གང་ལེགས་སྐྲུན་པར་ངེས།”
རྩོམ་པ་པོ་དབྱིངས་ས་ནོར་བུ་ཚེ་རིང་ལགས་ཀྱི་སེམས་གཏམ།
༡.བདེན་པའི་སྟོབས་ཤུགས།
ལུའུ་ཞུན་རྩོམ་རིག་སློབ་གླིང་གི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་སྦྱོང་བརྡར་འཛིན་གྲྭ་ཐེངས་གསུམ་པ་འཚོགས་ཉེར། «བོད་ལྗོངས་ཀྱི་བུ་ཕྲུག»དཔེ་སྐྲུན་བྱས་རྗེས། སྨྱན་སྦྱོན་ཚན་པ་མང་པོས་བདག་ལ་བཅར་འདྲི་བྱས་ནས། བརྩམས་ཆོས་འདི་རྩོམ་པའི་སྐུལ་སློང་ཅི་ཡིན་ལ་འདྲི། ངས་ཀྱང་བསམ་བློ་ཞིབ་མོ་བཏང་ནས་ཚང་མར་ཞུ་ལན་རེ་ཕུལ་ཡོད། འོན་ཀྱང་རྩོམ་འགོ་མ་བཙུགས་པའི་སྔ་རོལ་དུ། རྩོམ་པའི་ངར་ཤུགས་སྐྱེ་ས་དང་བློ་བསྐྱེད་བྱུང་ས་ཞིག་ཡོད་ཅིང་། དེ་ཡང་སྙིང་ཅི་འདྲ་ཞིག་ཡིན་པ་ང་རང་གི་སེམས་ནང་གསལ་ཤོས་རེད། སློབ་ཆེན་ལོ་རིམ་གཉིས་པའི“ལྔ་གཅིག”གི་གུང་གསེང་རིང་། ང་རང་སན་ལི་ཐུན་ཁྲོམ་ལམ་ལྷོ་མའི་ཨར་ཁང་ཞིག་ཏུ་ལས་ཀར་ཕྱིན་ནས། དེ་གར་ལས་ཀ་བྱེད་མཁན་གྱི་ཕོ་གསར་ཞིག་དང་ངོ་ཤེས། ཁོ་པའི་མིང་དངོས་ལ་ཅི་ཟེར་མི་ཤེས་ཀྱང་ཨར་ཁང་གི་སྦྱིན་བདག་གིས་ཁོ་པར་ཞའོ་ཁྲང་ཞེས་འབོད་པས། ངས་ཀྱང་དེ་ལྟར་འབོད་ཀྱིན་ཡོད། ང་ལས་ལོ་གཉིས་ཀྱིས་ཆུང་ཞིང་ཕ་ཡུལ་བྱང་ཤར་ནས་ཡིན་པའི་ཞའོ་ཁྲང་ཡང་པེ་ཅིང་དུ་རང་ཉིད་ཀྱི་ཕུགས་བསམ་ལ་བརྩོན་མཁན་གྱི་གྲས་ཤིག་རེད། ཁོ་དཔའ་ཆ་ཐང་ཞིང་སེམས་རྩ་འཁོལ་ལ། བྱང་ཤར་གྱི་ཕོ་གསར་གཞན་དག་ལྟར་ཁ་རི་ཁ་ཐུག་ཚ་བ་ཞིག་འདུག ང་རང་ཞའོ་ཁྲང་གི་བོད་རིགས་གྲོགས་པོ་དང་པོ་དེ་ཡིན་ཞིང་། ཡུལ་གྱར་བ་གཉིས་པོའི་སྤུན་གྲོགས་ཀྱི་བརྩེ་བར་ངས་ཁོ་པ་ལས་གཅེས་པར་འཛིན་གྱི་ཡོད་པའི་སྣང་བ་བྱུང་། གཏམ་ཅི་ཞིག་ཡོད་ཀྱང་ངེད་གཉིས་ཀྱིས་ཁ་ཁོག་པས་མ་གསང་། བློ་སྒྱུ་མས་མ་བསྐུང་བར་ཤོད། ཉིན་རེའི་ཆུ་ཚོད་བརྒྱད་ཀྱི་ལས་ཀ་དེ་ནམ་ཕྱེད་ཆུ་ཚོད་གསུམ་པར་གཞི་ནས་མཚམས་འཇོག སི་ཕེན་ལུགས་ཀྱི་ཨར་ཁང་ཆུང་ཆུང་ཨ་སོག་ཁ་ཞེས་པའི་སྒོ་འགྲམ་གྱི་ཡོལ་བའི་རྒྱབ་ཏུ། ངེད་གཉིས་ཀྱིས་སྒྲོག་ཙེ་ཆུང་ཆུང་ཞིག་སྒྲིག་ནས་ཉིན་གཅིག་གི་ལྟོ་ཐུན་མཇུག་ཤོས་དེ་བཟའ་དུས། ཞའོ་ཁྲང་གིས་རང་ཉིད་པེ་ཅིང་དུ་མི་ཡུལ་འགྲིམས་པའི་གཏམ་རྒྱུད་དག་ཤོད་ཅིང་། དེས་ངའི་སེམས་ནང་ཚོར་བ་སྣ་ཚོགས་འཆར་འོང་། སྤྱི་ཚོགས་འགྲིམ་མ་མྱོང་བའི་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ངའི་ངོས་ནས་བརྗོད་ན། ཁོ་པའི་གཏམ་རྒྱུད་དེ་དག་ནི་ངོ་མཚར་དང་འཇིགས་སྣང་ཆེ་བའི་སྒྲུང་གཏམ་ཞིག་དང་འདྲ། དེ་དུས“ལྔ་གཅིག”ལ་གུང་གསེང་ཉིན་བདུན་ཡོད་ཅིང་། གུང་གསེང་རྫོགས་ནས་ང་སློབ་གྲྭར་ལོག་ཀྱང་ངེད་གཉིས་དབར་འབྲེལ་བ་རྒྱུན་མ་ཆད་པ་བྱེད་ཀྱི་ཡོད། མ་གཞི་དཔལ་འབྱོར་གྱི་འཁོས་ཀ་སྐྱོ་ལ་ངོ་ཚ་སྨིན་རུང་། རྒྱུན་དུ་ངས་ཁོ་པ་སློབ་གྲྭའི་འགྲམ་གྱི་ཁྲོམ་ལམ་ནུབ་མའི་འབྲས་ཚལ་ཟ་ཁང་དེར་འཁྲིད་ཀྱི་ཡོད། ཐེངས་ཤིག་ཁོ་པས་རང་གི་དངུལ་ལྷག་མ་སྒོར་བཅུ་གཉིས་རང་ཡོད་པ་དེས་ཁ་ལག་རྒྱགས་ཚད་ཅིག་བཤམས། དེ་དུས་ཁ་ཐབས་ཤིན་ཏུ་སྐྱོ་རུང་ངེད་གཉིས་དབར་གཡོ་ཟོལ་མེད་ལ་གཏམ་གླེང་བྱེད་དུས་སེམས་པ་ཤིན་ཏུ་སྐྱིད། ཐེངས་ཤིག་ཞའོ་ཁྲང་གིས་རང་ཉིད་པེ་ཅིང་དུ་འཚོ་བ་ཇི་ལྟར་སྐྱེལ་མིན་དང་མྱོང་བ་གང་འདྲ་བྱུང་མིན་དག་ཡི་གེར་བཀོད་པའི་ཟིན་བྲིས་དེབ་མཐུག་པོ་ཞིག་འཁྱེར་ནས་ཡོང་། དེ་ནི་གཞན་ཡུལ་འགྲིམ་མཁན་ཞིག་གི་དགའ་སྐྱོའི་ཚོར་བའི་ཟིན་ཐོ་དང་། མངར་སྐྱུར་འཚོ་བར་རོལ་བའི་སེམས་གཏམ་རེད་ལ། འཚར་ལོངས་བརྒྱུད་རིམ་ཁྲོད་ཀྱི་དྲན་ཤིང་དང་མི་ཚེ་གཅིག་གི་གཡང་ནོར་ཡང་རེད། ཟིན་བྲིས་དེབ་དེ་ངས་གཟའ་འཁོར་གཅིག་ལ་བལྟས་ཤིང་། དེས་ང་ལ་རྩོམ་འབྲིའི་ངར་ཤུགས་དང་བློ་བསྐྱེད་ཞིག་ཐོལ་གྱིས་སྐྱེས། ཞའོ་ཁྲང་གི་ཟིན་བྲིས་དེབ་ནང་ཁོ་པའི་འཚོ་བའི་བདེ་སྡུག་དང་། སྤྲོ་ཤུགས། གཞོན་ནུའི་སེམས་འགྱུ། མི་ཚེའི་མྱོང་བ་སོགས་མང་དག་ཅིག་བཀོད་འདུག་ཅིང་། ཟིན་དེབ་ནང་ནས་ད་ལྟ་ང་ཚོས་བོར་བཞིན་པའི་བདེན་པ་སྟེ། མི་དང་མིའི་དབར་དགོས་ངེས་ཀྱི་བདེན་པའི་རང་གཤིས་དང་། དེང་རབས་ཀྱི་རྩོམ་རིག་བརྩམས་ཆོས་ནང་མཐོང་དཀོན་པའི་བདེན་པ་ཞིག་མྱོང་རོལ་ཐུབ་བྱུང་། ཅི་སྟེ་རྩོམ་པའི་རྩལ་ལ་བྱང་ཆ་མེད་ཅིང་ཐ་ན་ཕྲུ་གུའི་ཉིན་ཐོ་དང་འདྲ་ལ། ཤོག་ལྷེ་གཅིག་གི་ནང་དུ་ཡིག་ནོར་ཡང་མང་པོ་མཆིས་མོད། དེ་དག་གིས་ངས་ཁོ་པའི་ནང་སེམས་ཀྱི་ཚོར་བ་ཤེས་རྒྱུར་འགོག་རྐྱེན་ཅི་ཡང་མ་བྱུང་། ཟིན་བྲིས་དེ་གསུང་རབ་ཞིག་ལྟར་ནན་གྱིས་ཀློག་ཅིང་། ཀློག་གིན་ཀློག་གིན་དུ་བློ་ཁ་འགྱུར་ནས། རང་ཉིད་ཀྱི་འདས་དོན་དང་ད་ལྟའི་བརྒྱུད་རིམ་དག་ཡི་གེར་འགོད་རྒྱུའི་བློ་བསྐྱེད་ཅིག་བྱུང་ལ། ང་དང་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཚོའི་འཚར་ལོངས་ཀྱི་བརྒྱུད་རིམ་དག་ཡི་གེར་འགོད་རྒྱུའི་སེམས་ཤུགས་ཤིག་ཀྱང་འཕེལ།
དེ་རྗེས་རྒན་རབས་པ་མང་པོའི་ཐུགས་རྗེའི་ཕྱག་རོགས་འོག«བོད་ལྗོངས་ཀྱི་བུ་ཕྲུག»དངོས་སུ་དཔེ་སྐྲུན་བྱས། དེ་ལས་དགའ་འོས་པར«བོད་ལྗོངས་ཀྱི་བུ་ཕྲུག»ལ་རྟ་མཆོག་བྱ་དགའི་དཔྱད་འདེམས་པ་རྒན་ལགས་རྣམས་དང་རིག་རྩལ་ལས་དོན་པ་རྒན་གྲས་ཚོའི་སྐུལ་ལྕག་ཐོབ་ལ། ཀློག་པ་པོས་ཀྱང་དགའ་མགུ་ཡི་རང་བྱེད། ཅི་སྟེ་རང་ཉིད་ལ་ཤེས་བྱའི་རྒྱགས་ཕྱེས་དབུལ་བས་བརྩོན་པའི་རྟ་ཕོ་ལྕག་གིས་སྐུལ་དགོས་ངེས་ཡིན་ཡང་། གསར་རྩོམ་གྱི་ཐབས་ལམ་མཆོག་ཏུ་གྱུར་བ་དེ་ནི་བདེན་དོན་སྲོད་པོར་བརྗོད་རྒྱུ་དེ་ཡིན་པ་ང་ལ་གདེང་ཚོད་སྐྱེས་བྱུང་། མཐར“བདག་ལ་འབྲས་བཟང་ཐོབ་པར་མ་ངེས་ཀྱང་། བྱས་པ་ཆུད་མི་ཟ་བ་བསྙོན་དུ་མེད”ཅེས་པའི་རྒྱའི་གཏམ་དཔེ་ཞིག་ད་ཐེངས་འཛིན་གྲྭའི་སློབ་གྲོགས་ཡོངས་ལ་ཕུལ་ནས་མཇུག་བསྡུ་བར་བྱའོ། །
༢༠༡༣ལོའི་ཟླ༥ཚེས༡༢ཉིན་ལྷ་ས་ནས་སྦྱར།
༢.རང་ཉིད་ལ་འཚམ་པའི་བདེ་བ།
ཆུང་དུས་ཆུ་མདོ་རྒྱང་དུ་སྡོད་དུས། ང་རང་གཅིག་པུ་གྲོང་ཚོའི་འགོ་རུ་གཞས་བཏང་ནས་སྡོད། གཞས་ཚིག་གསལ་པོ་མ་ངེས་ལ་ཐ་ན་གང་འདོད་དུ་བཏང་བ་ཡིན་ནའང་། རང་སྣང་ལ་རྫིག་ཉམས་དོད་པོ་འཆར་གྱི་ཡོད། སྟོན་འགོ་ཚུགས་པས་ཉེ་འགྲམ་གྱི་མཐའ་ཡས་འབྱམས་སུ་ཀླས་པའི་ཞིང་ཐང་གཤིན་པོར་ལོ་ལེགས་ཀྱི་གསེར་གོས་བཀླུབས་པ་དང་། ཉི་འོད་དྲོ་ཞིང་འཇམ་ལ་རླུང་བུའང་ཡང་ཞིང་བསིལ་བ་སོགས། ལུང་གཞོང་འདིར་རྫོགས་ལྡན་གྱི་དུས་ཚིགས་ཤིག་ཤར།
ནར་སོན་རྗེས། འཚོ་གནས་ཀྱི་རིན་ཐང་དང་དཀའ་ཚེགས་དག་སུ་ཞིག་ལ་བརྗོད་འདོད་ཀྱི་བློ་ཞིག་འགོག་མེད་དུ་སྐྱེས། ཏག་ཏག་རང་ཉིད་ཀྱི་མྱོང་བ་དང་སེམས་འགྱུ་དག་རང་གི་སྐད་ཆའི་མཚོན་སྟངས་ཤིག་གིས་བརྗོད་འདོད་ཀྱི་འདུན་པ་དེས། ང་དང་རྩོམ་རིག་དབར་ལས་འབྲེལ་བཟང་པོ་བཏགས། འཚོ་བའི་ཕུན་ཚོགས་དང་དགའ་སྐྱོ་ཆག་སྡང་དག་ལ་སེམས་ཀྱིས་ཞིབ་པར་མྱོང་དུས། ཡིག་འབྲུའི་ཕྲེང་རྡོག་མང་པོ་ཤོག་བུའི་ཐོག་དང་འཆར་ཤེལ་ངོས་སུ་རང་བཞིན་གྱིས་བརྒྱུས་ནས་འོང་ལ། རྩོམ་པར་ཞུགས་པའི་ཐོག་མའི་སྐུལ་སློང་ཡང་། ངས་བལྟས་ན་སེམས་ཀྱི་ཚོར་བ་མཚོན་སྟངས་ཤིག་ཡིན་པ་འདྲ། སློབ་འབྲིང་སྐབས་ངས་གཟའ་འཁོར་རེར་ཟིན་ཐོ་རེ་འབྲི་ཡི་ཡོད། དེ་དུས་ཀྱི་ཟིན་དེབ་ནང་ངས“ད་ལྟའི་འཚོ་བའི་ནང་། བརྩེ་བ་རྣལ་མ་ཤིན་ཏུ་ནས་དཀོན་ཨང”ཞེས་བྲིས་འདུག དེ་ཕལ་ཆེར་ང་རང་གཞོན་ནུའི་དུས་ཀྱི་མ་རིག་པའི་སེམས་ཚེགས་ཤིག་ཡིན་པ་འདྲ། དེ་དུས་བསམ་བློའི་གཏོང་ཕྱོགས་དང་ལས་ཀའི་བྱེད་ཕྱོགས་གང་ཅིའི་ཐད་རང་ཉིད་དང་ཡོངས་སུ་མཚུངས་པའི་མི་ཞིག་རྟག་ཏུ་རང་གི་འགྲོགས་རོགས་སུ་ཡོད་ན་ཅི་མ་རུང་སྙམ་པའི་བསམ་སྟོང་འཁོར་གྱི་ཡོད། དེ་ཡང་ཕལ་ཆེར་ང་རང་གི་སེམས་ལ་འཆར་སྒོ་མང་ཡང་སེམས་མཐུན་གྱི་སྐད་ཆ་ཤོད་ས་ཞིག་མེད་པས་ཡིན་སྲིད། དེ་དུས་ནས་ཚིག་གི་སྦྱོར་བར་བྱང་ཆ་མེད་ཅིང་དོན་གྱི་གོ་རིམ་ལ་གཏན་ཚིག་ཡོད་མེད་ཅི་རིགས་ཀྱི་རྩོམ་ཐུང་མང་པོ་བྲིས། རྒྱལ་ཁབ་དང་མི་རིགས་སྐོར་གྱི་རྒྱ་ཆེ་ལ་བློ་གཤོག་ཆེ་བའི་བསམ་ཚུལ་དང་། བརྩེ་དུང་དང་ལ་རྒྱའི་ཐད་ཀྱི་དགོད་བྲོ་ལ་ཡི་མུག་པའི་གཏམ་ཅི་ཡང་བྲིས་འདུག དེ་དུས་རྩོམ་རིག་ནི་ངའི་སྙིང་གཏམ་གླེང་ས་ཞིག་དང་འདྲ། རྩོམ་པ་པོ་ཞིག་གི་ངོས་ནས། ངས་བདེན་པ་གཙོ་བོར་འཛིན་གྱིན་ཡོད། སེམས་ལ་ཚོར་བ་ཟབ་མོ་མེད་ན་བྲིས་པའི་ཡི་གེ་ནག་ཆུང་ཡང་སྒྱུ་མའི་རོལ་རྩེད་དང་འདྲ་བས། ངས་ལུས་ལ་ན་ཚ་མེད་པར། ཁ་ནས་འཁུན་སྒྲ་ལྷང་ལྷང་འདོན་གྱི་མེད་ལ། རྩོམ་རིག་གི་ཆེད་དུ་རྩོམ་འབྲི་བྱེད་ཀྱི་མེད། དེ་བས་བརྩམས་ཆོས་ནི་རྩོམ་པ་པོའི་ཚེ་སྲོག་གི་དབུགས་རྒྱུན་ཡིན་ལ། སྲིད་པ་འཇིག་རྟེན་ལ་འགན་འཁུར་བའི་བགྱི་བ་ཞིག་ཀྱང་རེད། དེ་ཕྱིར་རྩོམ་རིག་གིས་ངེས་པར་དུ་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ལྟོས་ནས། རྩོམ་མཁན་གྱི་འགན་འཁྲི་མཚོན་དགོས། ནར་སོན་གྱིན་ཡོད་ནའང་འདྲ་ལ་རྒས་འགྲོ་གི་ཡོད་ནའང་ཆོག ང་ཚོ་ཚང་མར་དུས་རབས་གང་དེས་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པས། མི་རེའི་ས་ནས་དུས་རབས་དེའི་ཁྱད་ཆོས་མངོན་པར་གསལ་ཞིང་ཟུབ་ཏུ་མེད། རྩོམ་རིག་བརྩམས་ཆོས་ཀྱང་དེ་དང་འདྲ་བར་དུས་རབས་ཀྱི་ཁྱད་ཆོས་ལྡན་དགོས། དེ་མིན་ན་ཡི་གེའི་རོལ་རྩེད་ཙམ་པོ་བ་ཞིག་རེད་ཟེར་ན་ཁས་འཆེས་མོད། དངོས་འབྲིའི་རྩོམ་རིག་བརྩམས་ཆོས་ཀྱི་ངོས་ནས། དེ་ནི་མི་ཆོས་བརྩེ་ཞེན་ཡོད་པ་ཞིག་དང་། རྒྱལ་ཁབ་དང་མི་རིགས་ལ་འགན་འཁུར་བའི་བརྩམས་ཆོས་ཤིག་ནི་ཅིས་ནས་ཀྱང་མིན་པར་འདོད།
མཇུག་མཐར་ཞུ་རྒྱུར། ངས་དལ་འབྱོར་གྱི་ལུས་རྟེན་འདིར་ཞེན་ཆགས་འདི་འདྲ་བྱེད་དོན་དང་། རྩོམ་འབྲིའི་ལས་ཀར་འབད་པ་ལྷོད་མེད་བྱེད་དོན་ནི། བརྩམས་ཆོས་རེ་རེས་ཀློག་པ་པོར་བདེ་སྣང་ཞིག་བསྟེར་ཐུབ་ཆེད་དང་། བདེན་པའི་ལམ་སྟོན་ཆེད་དུ་ཡིན། གལ་ཏེ་ཚིག་འབྲུ་རེ་རེས་ཀློག་པ་པོར་བདེ་བ་སྟེར་ནུས་ན། རང་ཉིད་ལ་འཚམ་པའི་བདེ་བ་ཡིན་ཞིང་།དེ་ནི་ངའི་རྩོམ་འབྲིའི་ཁ་ཕྱོགས་དང་རྩོམ་འབྲིར་ཞེན་ཆགས་བྱེད་དོན་ཡང་ཡིན་ནོ། །

འབྲེལ་ཡོད་འོས་སྦྱོར།