logo

སྒྲུང་ཐུང་དེབ«གཟི་མིག་དགུ་པ»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:ཤར་ཚ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-04-16 ཀློག་གྲངས།:
       ཉེ་ཆར། ན་གཞོན་རྩོམ་པ་པོ་ཤར་ཚ་ལགས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས«གཟི་མིག་དགུ་པ»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
       «གཟི་མིག་དགུ་པ»ཞེས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས་འདི་ནི་ཉེ་བའི་ལོ་ཤས་ནང་བརྩམས་པའི་བརྩམས་ཆོས་ལེགས་གྲས་བརྒྱད་འདེམ་བཀོད་ཀྱིས་གྲུབ་པར་བྱས་ཡོད་ཅིང་། སྒྲུང་ཐུང་བརྒྱད་པོ་དེ་དག་ཀྱང་སྔ་ཕྱིར«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«སྦྲང་ཆར» «ཤྭ་སྐྱ» «བྱང་ཐང»སོགས་ཀྱི་རྩོམ་རིག་དུས་དེབ་ཏུ་བཀོད་མྱོང་། «གཟི་མིག་དགུ་པ»ཞེས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས་ནང་གཟི་མིག་དགུ་པ་དང་འཁོར་བ་སོགས་ལ་འཆར་ཡན་གྱི་གཤོག་ཟུང་རིང་དུ་བརྐྱངས་ནས། རྟོག་པ་རང་ཡན་པ་དང་དངོས་ཡོད་སྒྱུ་འཕྲུལ་གྱི་ཆ་གང་འཚམ་བཀོད་དེ། མི་གཞིའི་ལེགས་ཉེས་དང་ལེགས་བསྟོད་ཉེས་སྨད་ཀྱི་མི་ཆོས་ཀུན་སྤྱོད་མཚོན་པར་བྱས་ཤིང་། མཐར་ལས་འབྲས་བསླུ་མེད་དང་སྲིད་ཇུས་བཟང་པོའི་འོད་སྣང་འོག། ལེགས་ཉེས་ཀྱི་འབྲས་བུ་རང་སར་སྨིན་པའི་གཏམ་རྒྱུད་ཐར་ཆགས་སུ་བསྒྲིགས་ཡོད། ཉི་འོད་ཀྱི་ནང་དུ་ཉི་འོད་ཡིད་བརྙན་དུ་བྱས་ནས་དེ་དང་གྲིབ་གཟུགས་དབར་གྱི་འབྲེལ་བ་དང་། དེའི་མཚོན་དོན་དུ་གྱུར་བའི་གནས་ལུགས་ཁ་ཤས་བཀྲམ་ཡོད་པ་མ་ཟད། གདགས་སྲིབ་ཀྱི་གོ་བ་ལེན་སྟངས་ལས་གནས་ལུགས་མི་འདྲ་མཚོན་པ་དེས། གྲོང་གསེབ་དང་གྲོང་ཁྱེར་གྱི་མིའི་ལྟ་བ་འི་འགལ་བ་དང་རིག་གནས་གྱི་འགལ་གཏུག་སོགས་བརྗོད་པ་དང་། དེ་ལས་སྐྱེས་པའི་མིའི་མཛེས་དཔྱོད་དང་རིན་ཐང་གི་ལྟ་བ་ཡང་མི་འདྲ་བར་བརྗོད་ནས། འཇིག་རྟེན་གྱི་བྱ་དངོས་ཐ་དག་གི་ལེགས་ཉེས་ནི་རལ་གྲི་ཁ་གཉིས་མའི་དངོ་ལྟ་བུར་གྲུབ་པའི་གནས་ལུགས་ཤིག་ཐོན་པར་བྲིས་ཡོད། གཞན་གྱི་སྒྲུང་གཏམ་ལྔ་ནི་སྲོལ་རྒྱུན་གྱི་སྒྲུང་གཏམ་འབྲི་སྲོལ་ཏེ། དངོས་མཚོན་རིང་ལུགས་ཀྱི་ཐབས་ཀྱིས་གྲུབ་པར་བྱས་ཤིང་། དེའི་ནང་དུ་སྐྱེ་བོ་ལ་ལའི་མདོ་མེད་དང་ལེ་ལོའི་རང་གཤིས་ལས་ཐོན་པའི་ཉམ་ཆགས་དང་། དཔོན་ངན་རེ་ཟུང་གིས་དབང་ཆ་སྒེར་སྤྱོད་བྱས་པའི་ཉེས་དམིགས་སོགས་བྲིས་ཏེ། ཏང་གི་མི་རིགས་སྲིད་ཇུས་དང་ལྷག་པར་དུ་ཉེ་བའི་ཆར་རུལ་སུངས་ལ་ངོ་རྒོལ། ནག་སེལ་ཤེད་བཅོམ་སོགས་ཀྱི་དགོངས་དོན་གཞིར་བྱས་ཐོག། སྤྱི་ཚོགས་ཀྱི་འཕེལ་འགྱུར་གོམ་སྟབས་ཆེན་པོའི་ཁྲོད། དཔོན་ངན་རྣམས་ཁྲིམས་ཀྱི་དྲྭ་བར་ཚུད་དེ། དཔོན་ངན་ཚར་གཅོད་ཀྱི་སྲིད་ཇུས་བཟང་པོར་བསྔགས་པ་དང་། དེ་བཞིན་དམངས་ཀྱི་སློབ་གསོ་དང་དཔལ་འབྱོར། བྱང་ཚད་སོགས་སྤྱི་ཚོགས་ཀྱི་སྒོ་ཀུན་ནས་ཇེ་ལེགས་ཇེ་ཡག་ཀྱིས་དམངས་དང་རྒྱལ་ཁབ་ཀྱི་དབང་ཐང་ཡར་ངོའི་ཟླ་ལྟར་འཕེལ་བའི་སྐོར་བྲིས་ཡོད།

རྩོམ་པ་པོ་ངོ་སྤྲོད།
       དངོས་གྲུབ་རྡོ་རྗེ། སྨྱུག་མིང་ལ་ཤར་ཚ་ཞེས་འབོད། འཕན་པོ་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཕུ་ཤར་གྲོང་ཚོའི་ཤར་པ་བླ་བྲང་ཚང་དུ་སྐྱེས། 1992ལོ་ནས་ཡུལ་དེའི་སློབ་ཆུང་དང་། ལྷུན་གྲུབ་རྫོང་སློབ་འབྲིང་། ལྷ་ས་པེ་ཅིན་སློབ་འབྲིང་། བོད་ལྗོངས་སློབ་ཆེན་བཅས་འགྲིམས། 2020ལོར་རྩོམ་རིག་ཞིབ་འཇུག་སློབ་མའི་སློབ་གནས་བླངས། ད་ལྟ་ལྷ་ས་མཐོ་འབྲིང་བཞི་པར་དགེ་མིང་འཛིན་བཞིན་མཆིས། 2007ནས་བཟུང་རྩོམ་རིག་གསར་རྩོམ་གྱི་ལས་ལ་གཞོལ། བརྩམས་ཆོས་བརྒྱར་ཉེ་བ་དུས་དེབ་དང་ཚགས་པར་སོགས་སུ་བཀོད། 2017ལོར་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས། སྦྱངས་རྩོམ་སྙན་ངག«མཚན་མོའི་འགྲེལ་པ»ཞེས་པ་དང་། སྒྲུང་རིང«སྨུག་སྨིན་ཀློང་གི་མི་ཚེ»ཞེས་པ་པར་དུ་སྐྲུན། སྒྲུང་ཐུང«རྨི་ལམ་གྱི་བྱེད་པོ»ཞེས་པར་ལྗོངས་རིམ་པའི་ལས་བཟོའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་འཐོབ།
འབྲེལ་ཡོད་འོས་སྦྱོར།