logo

འབུམ་རམས་པ་བུམ་པ་རྒྱལ་གྱི་དེབ་གསར་ཞིག་པར་དུ་བསྐྲུན་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-04-20 ཀློག་གྲངས།:
བུམ་པ་རྒྱལ་གྱིས་བརྩམས་པའི«བོད་ཀྱི་བརྡ་སྤྲོད་རིག་པ་ཕྱི་གླིང་དུ་དར་ཚུལ་ལོ་རྒྱུས་གསལ་བའི་མེ་ལོང»ཞེས་པ་པར་དུ་བསྐྲུན།
 
       དེ་ཡང་འཛམ་བུ་གླིང་གི་བརྡ་སྤྲོད་རིག་པའི་གཞུང་ལུགས་བྱུང་འཕེལ་སྤྱི་ལ་གཞིགས་ན། བོད་ནི་བརྡ་སྤྲོད་རིག་པའི་གཞུང་ལུགས་དར་སྔ་གྲས་སུ་གཏོགས་ཏེ། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་སྔོན་ལ«བོན་གྱི་བརྡ་སྤྲོད་ཉི་ཤུ་བདུན་པ»ཞེས་པ་དར་མྱོང་བའི་བཤད་རྒྱུན་ཡོད་ཀྱང་། ཡིད་རྟོན་འཕེར་བའི་སྒྲུབ་བྱེད་ཅིག་ད་ལྟའི་བར་དུ་མཐོང་དཀོན་པས། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀུན་གྱི་ཕྱི་མོ་ལ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་འདི་གཉིས་བགྲངས་དགོས་པ་ལས་འོས་མེད། སློབ་དཔོན་ཐོན་མིས་མཛད་པའི་བསྟན་བཅོས་འདི་གཉིས་ལ་དང་ཐོག་ནས་རྩ་བ་བསྡུས་མ་ཞིག་ལས་འགྲེལ་པ་ཞིབ་རྒྱས་ཤིག་མཐོང་དུ་མེད་གཤིས། རྩ་བའི་གནད་དོན་བྱེ་བྲག་པ་རེ་རེར་བློ་ཞིབ་མོས་གནད་དུ་བསྣུན་ནས་འགྲེལ་བཤད་མཛད་ཡོད་པ་ནི་ཕྱིས་ཀྱི་མཁས་པ་དག་གི་མཛད་རྗེས་སུ་བགྲངས་དགོས་པ་ཡིན་ལ། ལོ་ངོ༡༣༠༠ལྷག་གི་རིང་དུ་འགྲེལ་མཛད་པ་རྣམས་ཀྱིས་འབྲུ་འགྲེལ་དང་དོན་འགྲེལ། ཚིག་འགྲེལ་སོགས་འགྲེལ་པ་མང་དུ་བརྩམས་ཏེ་བརྡ་སྤྲོད་ཀྱི་གཞི་རྐང་གི་གནད་བཀྲོལ་ཡོད།
དུས་རབས ༡༩ནས་བཟུང་སྟེ་ཡོ་རོབ་པ་འགའ་རེས་བོད་ཀྱི་བརྡ་སྤྲོད་རིག་པར་ཉམས་ཞིབ་བྱེད་མགོ་ཚུགས་ཤིང་། དེའི་རྗེས་སུ་ཨ་རི་དང་ཉི་ཧོང་གི་ཉམས་ཞིབ་པ་རྣམས་ཀྱིས་ཕྱོགས་ཡོངས་ནས་བོད་ཀྱི་ཡིག་སྐད་ཀྱི་བརྡ་སྤྲོད་དང་དེང་རབས་ཡུལ་སྐད་ཀྱི་བརྡ་སྤྲོད་ལ་ཉམས་ཞིབ་བྱས་ཡོད། ཕྱི་རྒྱལ་གྱི་ཉམས་ཞིབ་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་པར་བྱས་ཏེ་བོད་ཀྱི་སྐད་དང་ཡི་གེ་ལ་ཉམས་ཞིབ་དང་ཁ་གསབ་བྱ་རྒྱུ་ནི་གནད་ཀྱི་དམ་པ་ཉིད་དུ་མཐོང་སྟེ། ད་རེས་ནུབ་ཕྱོགས་དང་ཉི་ཧོང་སོགས་སུ་བོད་ཀྱི་བརྡ་སྤྲོད་རིག་པར་ཇི་ལྟར་ཉམས་ཞིབ་བྱས་ཚུལ་དང་། བོད་ཀྱི་བརྡ་སྤྲོད་ལ་ཉམས་ཞིབ་བྱེད་མཁན་རྣམས་ལས་དཔྱད་འབྲས་གཟེངས་མཐོ་བ་འགའ་ཁོལ་དུ་ཕྱུང་ནས་དེ་ཚོའི་བསླབ་པ་དོན་གཉེར་དང་། རིག་གཞུང་ཉམས་ཞིབ་ཀྱི་སྐོར་ནས་རགས་ཙམ་གླེང་བར་བྱས་ཤིང་། དེ་མིན་ཉི་ཧོང་གི་བོད་ཀྱི་སྐད་བརྡ་སྨྲ་བ་གསུམ་གྱི་བརྩམས་ཆོས་ལ་ཅུང་ཟད་དཔྱད་པ་བཅས་དེབ་འདི་ལེའུ་ལྔ་ཡིས་གྲུབ་ཡོད་པ་སྟེ།
དང་པོ། བོད་ཀྱི་བརྡ་སྤྲོད་རིག་པ་ནུབ་ཕྱོགས་སུ་དར་ཚུལ།
༡ བོད་ཀྱི་བརྡ་སྤྲོད་རིག་པ་དར་བའི་ཐོག་མའི་གནས་ཚུལ།
༢ བོད་ཀྱི་བརྡ་སྤྲོད་རིག་པ་དར་བའི་བར་གྱི་གནས་ཚུལ།
༣ བོད་ཀྱི་བརྡ་སྤྲོད་རིག་པ་དར་བའི་ད་ལྟའི་གནས་ཚུལ།
གཉིས་པ། བོད་ཀྱི་བརྡ་སྤྲོད་རིག་པ་ཉི་ཧོང་དུ་དར་ཚུལ།
༡ བོད་ཀྱི་བརྡ་སྤྲོད་རིག་པ་དར་བའི་ཐོག་མའི་གནས་ཚུལ།
༢ བོད་ཀྱི་བརྡ་སྤྲོད་རིག་པ་དར་བའི་བར་གྱི་གནས་ཚུལ།
༣ བོད་ཀྱི་བརྡ་སྤྲོད་རིག་པ་དར་བའི་ད་ལྟའི་གནས་ཚུལ།
གསུམ་པ། «བོད་སྐད་ཀྱི་འཕོ་འགྱུར་དང་ཡི་གེ»ཡི་ནང་དོན་དང་རིག་གཞུང་རིན་ཐང་།
༡ ནང་དོན་གྱི་སྐོར།
༢ རིག་གཞུང་རིན་ཐང་གི་སྐོར།
བཞི་པ། «བོད་ཀྱི་ཡུལ་སྐད»ཀྱི་ནང་དོན་དང་རིག་གཞུང་རིན་ཐང་།
༡ ནང་དོན་གྱི་སྐོར།
༢ རིག་གཞུང་རིན་ཐང་གི་སྐོར།
ལྔ་པ། «ཨ་མདོའི་ཡུལ་སྐད་ཀྱི་བརྡ་སྤྲོད»ཀྱི་ཁྱད་ཆོས་དང་རིག་གཞུང་རིན་ཐང་།
༡ དེབ་ཀྱི་ཁྱད་ཆོས་སྐོར།

རྩོམ་པ་པོ། བུམ་པ་རྒྱལ།
       བུམ་པ་རྒྱལ། ༡༩༨༨ལོར་མཚོ་སྔོན་ཁྲི་ཀར་སྐྱེས། ཉི་ཧོང་གི་དབུས་གཞུང་སློབ་ཆེན(Chuo University)དུ་རྩོམ་རིག་ཤེས་རམས་པའི་བསླབ་གནས་བླངས། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་སྐད་བརྡ་རིག་པའི་འབུམ་རམས་པའི་སློབ་མཐར་ཕྱིན་ཏེ། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་ལས་ཀ་གཉེས་མུས་སུ་མཆིས། «ཀྲུང་གོའི་བོད་རིག་པ»སོགས་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་སྟེང་དཔྱད་རྩོམ་བཅུ་ལྷག་སྤེལ། ཉི་ཧོང་གི«གསེར་ཉ»དུས་དེབ་དང«འཛམ་གླིང་རྩོམ་རིག»སོགས་སུ་བོད་རྒྱ་ཉི་གསུམ་གྱི་ལམ་ནས་རྩོམ་རིག་བརྩམས་ཆོས་ཁ་ཤས་སྤེལ་མྱོང་། ཆེད་དེབ་ལ«བོད་ཀྱི་བརྡ་སྤྲོད་རིག་པ་ཕྱི་གླིང་དུ་དར་ཚུལ་ལོ་རྒྱུས་གསལ་བའི་མེ་ལོང»བརྩམས། ༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་ཁུ་ནུ་ཤེས་ལྡན་མི་སྣ་དང་། མཚོ་སྔོན་ཞིང་ཆེན་མཐོ་སྒང་ཞིབ་འཇུག་གླིང་གི་ཁོངས་མི། མཚོ་སྔོན་ཞིང་ཆེན་གནའ་དཔེ་འཚོ་སྡུད་ལྟེ་གནས་ཀྱི་ཚོགས་མི་བཅས་སོ། །
འབྲེལ་ཡོད་འོས་སྦྱོར།