logo

«ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གསུང་འབུམ»པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2023-04-24 ཀློག་གྲངས།:
       ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གནའ་དཔེ་གྲགས་ཅན«ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གསུང་འབུམ»པར་སྐྲུན་འགྲེམ་སྤེལ་བྱས།
       གསུང་འབུམ་འདིའི་མཛད་པ་པོ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་མཆོག་ནི། བོད་རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ལོར་མདོ་སྨད་བྱང་གི་ཕུན་ཚོགས་ལུང་པར་སྐུ་འཁྲུངས། དགུང་ལོ་དྲུག་པར་གདན་ས་ཆེན་པོ་དགོན་ལུང་བྱམས་པ་གླིང་དུ་ཕེབས་ནས་མདོ་སྔགས་དང་ཐ་སྙད་རིག་གནས་སྦྱངས། ཤིང་ཕག་ལོར་དབུས་སུ་ཕེབས་ནས་མཁས་དབང་གང་མང་བསྟེན་ཏེ་གུས་རྟག་སྦྱོར་བ་མཛད་པས་མཁྱེན་དཔྱོད་གཉིས་ལྡན་གྱི་མཁས་དབང་དུ་གྱུར། ཁོང་གི་གསུང་རྩོམ་མང་པོ་ལས་ཐེངས་འདིར་གསུང་འབུམ་པོད་བཅུའི་བདག་ཉིད་ཅན་གྱི་དཔེ་ཚོགས་འདི་པར་དུ་བསྐྲུན། པོད་དང་པོར་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་དང་། པོད་གཉིས་པར་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ངམ་ཡོངས་གྲགས་ཀྱི་ཐུའུ་བཀྭན་གྲུབ་མཐའ་དང་། པོད་གསུམ་པར་ལམ་རིམ་གྱི་ཁྲིད་དང་གསུང་མགུར་དང་བསླབ་བྱའི་སྐོར། པོད་བཞི་པ་དང་ལྔ་པར་ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས་དང་། པོད་དྲུག་པ་དང་བདུན་པར་རྟ་མགྲིན་སྒྲུབ་ཐབས། པོད་བརྒྱད་པར་ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས། པོད་དགུ་པར་རྩིས། པོད་བཅུ་པར་རྗེ་རང་ཉིད་ཀྱི་རྣམ་ཐར་སོགས་འདུས།
       གསུང་འབུམ་འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བ་གཉིས་མཉམ་འབྲེལ་སྒོས་རྩོམ་སྒྲིག་དང་པར་སྐྲུན་བྱས་པ་ཡིན། དཔེ་སྐྲུན་པར་ཞུའི་གོ་རིམ་ཁྲོད་ཡི་གེའི་ཆད་ལྷག་ནོར་གསུམ་མི་འབྱུང་བར། རྩོམ་སྒྲིག་པ་ཚོས་ཐོག་མར་ཤིང་དཔར་མ་གཞིར་བཟུང་སྟེ་ཡང་དང་ཡང་དུ་ཞིབ་བསྡུར་བྱས་ཤིང་། དོགས་གནས་ཡོད་ཚད་པར་གཞི་མི་འདྲ་བར་བསྡུར་བའམ་དཔྱོད་ལྡན་མཁས་པར་ཞུས་ཏེ་གཏན་ལ་ཕབ་པ་ཡིན། །
འབྲེལ་ཡོད་འོས་སྦྱོར།