«མཚོ་ནུབ་ཁུལ་ས་མིང་ལོ་རྒྱུས་རིག་གནས་དོན་འགྲེལ»(བོད་རྒྱ་ཤན་སྦྱར)པར་སྐྲུན་འགྲེམས་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ནུབ་མི་རིགས་སྐད་ཡིག་ལས་དོན།
དུས་ཚོད།:2023-04-25
ཀློག་གྲངས།:

«མཚོ་ནུབ་ཁུལ་ས་མིང་ལོ་རྒྱུས་རིག་གནས་དོན་འགྲེལ»(བོད་རྒྱ་ཤན་སྦྱར)ནི་མཚོ་ནུབ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་ལོ་ངོ་བཅུ་ཙམ་གྱི་རིང་དུ་འཚོལ་སྡུད་དང་དག་སྒྲིག སྒྱུར་སྒྲིག་བཅས་བྱས་ཤིང་། ཉེ་སྔོན་སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་མཛད། དཔེ་དེབ་ཧྲིལ་པོ་ལེའུ་བདུན་དུ་ཕྱེས་ཤིང་ཤོག་ངོས1206ཡོད་པ་དང་བསྡོམས་པས་ཡིག་འབྲུ་ཁྲི130ལྷག་ཡོད་པའི་བདག་ཉིད་ཅན་ཞིག་གོ །འདིའི་ཁྲོད་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་སྲིད་འཛིན་ས་གནས་བདུན་པོའི་ས་མིང7000ལྷག་འདུས་ཡོད་པ་སྟེ། གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར། མང་ནེ་གྲོང་ཁྱེར། གཏེར་ལམ་རྫོང་། དབུས་ལམ་རྫོང་། ཐེམ་ཆེན་རྫོང་། ཚྭ་འདམ་ཆེ་བ་སྲིད་ཨུ་བཅས་གྲོང་ཁྱེར་དང་རྫོང་སོ་སོའི་མངའ་ཁོངས་ཀྱི་རི་ལུང་ཐང་གསུམ་དང་མཚོ་དང་མཚེའུ། ཆུ་དང་གཙང་པོ། ནགས་ཚལ་དང་རྩྭ་ཐང་སོགས་ཕྱི་སྣོད་ཀྱི་བཀོད་པའི་བཏགས་མིང་རྣམས་ཕྱོགས་བསྒྲིགས་བགྱིས་པར་མ་ཟད། དེ་དག་རེ་རེར་བོད་རྒྱ་ཤན་སྦྱར་གྱི་སྒོ་ནས་རིག་གནས་ལོ་རྒྱུས་དོན་འགྲེལ་ཕྲན་བུ་མཛད་དེ་བཀོད་ཡོད་པས། འདི་ནི་མཚོ་ནུབ་ས་ཁུལ་མི་རིགས་ལོ་རྒྱུས་རིག་གནས་སྐོར་གྱི་མེད་དུ་མི་རུང་བའི་རྒྱུ་ཆ་ཞིག་ཏུ་འགྱུར་ངེས་ཤིང་། ལྷག་པར་དུ་ས་ཁམས་རིག་པ་དང་ལོ་རྒྱུས་རིག་པ། མི་རིགས་རིག་པ། མི་ཆོས་རིག་པ་སོགས་ཀྱི་རིག་གཞུང་ཞིབ་འཇུག་ཐད་རིན་ཐང་གལ་ཆེན་ལྡན།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནི་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་རྣམ་པ་ཕུན་སུམ་ཚོགས་པར་མ་ཟད། དེང་རབས་བཟོ་ལས་རིག་གནས་ཀྱི་རྣམ་པ་གསར་བ་ཞིག་ཀྱང་ཆགས་ཡོད་པ་དང་རིག་གནས་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་བའི་ས་ཁུལ་ཞིག་ཡིན། དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་སྣ་མང་ཅན་གྱི་མི་རིགས་རིག་གནས་སྣ་ཚོགས་ཤིན་ཏུ་གྱ་ནོམ་པ་དང་། ལྷག་པར་དུ་ཐུན་མོང་མ་ཡིན་པའི་སོག་རིགས་དང་བོད་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་དོད་ཅིང་། དེ་དང་བསྟུན་ནས་མཚོ་ནུབ་ཀྱི་ས་མིང་ཁྲོད་མི་རིགས་སོ་སོའི་ལོ་རྒྱུས་རིག་གནས་ཀྱི་ཁྲག་རྒྱུན་ཟབ་མོ་འདྲེས་ཡོད་པ་དང་། ད་ལྟའི་དུས་སུ་མི་རིགས་རང་རང་གི་རིན་ཐང་བྲལ་བའི་ཤུལ་བཞག་རིག་གནས་གལ་ཆེན་རེ་རེར་གྲུབ་པར་མཆིས། མི་རིགས་ཤིག་འཕོ་འགྱུར་བྱུང་བའི་ལོ་རྒྱུས་དེ་མི་རིགས་དེའི་སྐད་ཆའི་རྣམ་པར་གྲུབ་པའི་ས་མིང་གི་སྟེང་དུ་གཞི་རྐང་བརྟན་པོར་ཚུགས་པར་མ་ཟད། ས་མིང་དེ་དག་གི་སྟེང་དུ་མི་རིགས་དེ་གའི་རིག་གནས་ལོ་རྒྱུས་ཀྱི་རྟགས་ཐམ་ཟབ་མོ་རེ་བཏབ་ཡོད་ཅིང་། ང་ཚོས་ས་མིང་ལ་བརྟེན་ནས་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ལ་ངོས་ཟིན་ཡང་དག་མཛད་དགོས། དེར་བརྟེན། ས་མིང་ནི་སྐད་ཆའི་རྣམ་པ་དང་སྒྲུབ་བྱེད་ཀྱིས་ཐག་བཅད་པ་ཞིག་ཡིན་ལ། ས་ཁོངས་ཤིག་གི་བྱེ་བྲག་གི་ས་གནས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་ངེས་པས་ན། དེའི་འབྱུང་ཁུངས་དང་གོ་དོན། མིང་བཏགས། རྩ་དོན། ཡང་ན་གྲུབ་ཚུལ་དང་འགྱུར་ལྡོག ནུས་པ་དང་ཁྱབ་ཁོངས། རྒྱུད་སྟངས་བཅས་ཀྱི་ཆོས་ཉིད་ནི་ས་མིང་ཞིབ་འཇུག་གི་ཡུལ་གཙོ་བོ་ཞིག་ཡིན་པར་སྙམ།
ས་མིང་ནི་རིག་གནས་ལོ་རྒྱུས་ཀྱི་ཕྲ་ཕུང་རེ་རེ་དང་མི་རིགས་སྲོལ་རྒྱུན་རིག་གནས་སྔར་བས་གསོན་ཤུགས་རྒྱས་པར་བྱེད་པའི་དབང་རྩ་རེ་རེ་ཡིན་སྲིད་པས་ན། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས། ས་མིང་ལ་མཐོང་ཆེན་བྱ་རྒྱུ་ནི་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་དྲན་གསོ་ཞུ་བའི་འབད་ཐབས་རིགས་ཤིག་ཡིན་ལ། དུས་ལྟར་ཡུལ་གྲུ་སོ་སོའི་ས་མིང་ལོ་རྒྱུས་རིག་གནས་སྣ་ཚོགས་འཚོལ་སྡུད་དང་དག་སྒྲིག་བྱེད་པ་དང་། ལྷག་པར་དུ། ས་ཁམས་རིག་པ་དང་ལོ་རྒྱུས་རིག་པ། མི་རིགས་རིག་པ། མི་ཆོས་རིག་པ་སོགས་ལ་གཞི་བཅོལ་ཏེ་དེ་ཉིད་རྒྱུན་འཛིན་དང་དར་སྤེལ། ད་དུང་ཞིབ་འཇུག་བཅས་བྱས་ཐོག ཞི་ཅིན་ཕིང་གི་ཁོར་ཡུག་སྲུང་སྐྱོབ་དགོངས་དོན་དོན་འཁྱོལ་བགྱིས་ཏེ། དམིགས་བསལ་གྱིས་རང་ས་གནས་སུ་རང་བྱུང་དང་མི་ཆོས་མཉམ་སྦྱོར་གྱི་རྣམ་པ་མངོན་པར་མཚོན་དགོས།
འབྲེལ་ཡོད་འོས་སྦྱོར།