«ཨ་ཧྲི་མ»
རྩོམ་པ་པོ།:སྙན་བཟང་ཡུམ་སྐྱབས་རྒྱལ།
ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-04-27
ཀློག་གྲངས།:
«ཨ་ཧྲི་མ»བོད་བསྒྱུར་གྱི་གླེང་གཞི་ལས་འཕྲོས་པའི་ལོ་ཙཱའི་ཕྱོགས་ཀྱི་བསམ་ཚུལ་ཐོར་བུ།
སྙན་བཟང་ཡུམ་སྐྱབས་རྒྱལ།
ཚང་མས་མཁྱེན་གསལ་ལྟར། ལོ་ཙཱའི་བྱ་བ་ནི། རྒྱལ་ཁབ་དང་མི་རིགས་ཕན་ཚུན་བར་རིག་གནས་བརྗེ་རེས་བྱེད་པ་ལ་མེད་དུ་མི་རུང་བའི་ཡིག་ངག་གི་བརྒྱུད་ལམ་གལ་ཆེན་ཞིག་ཡིན། དེ་ཡང་གསལ་བོར་བཤད་ན། གཅིག་ཏུ་མི་རིགས་གཞན་གྱི་རིག་པའི་བཅུད་བླངས་ནས་རང་མི་རིགས་ཀྱི་རིག་པའི་གནས་ཀྱི་མ་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་། གཉིས་སུ་མི་རིགས་རང་གི་སྔོན་ཐོན་རིག་གནས་དེ་ཉིད་གཞན་ལ་མཁོ་འདོན་ནམ་བརྒྱུད་སྤྲོད་བྱས་ཏེ་མཉམ་སྤྱོད་བྱ་རྒྱུ་ལས་མ་འདས་སོ། །དེའི་ཕྱིར་གནའ་དེང་གི་འཇིག་རྟེན་མིག་ཏུ་གྲགས་པའི་སྐད་གཉིས་སྨྲ་བའི་དབང་ཕྱུག་དག་གིས་སྒྲ་སྒྱུར་གྱི་ལག་ལེན་ཡང་དག་པ་ཞིག་འཁྱོངས་རྒྱུ་དེ་ཧ་ཅང་གལ་ཆེ་བར་མཐོང་ནས། ལོ་ཙཱའི་གཞུང་ལུགས་སྐོར་གྱི་བསྟན་བཅོས་དུ་མ་བརྩམས་ཡོད་དོ། །

བོད་རང་ལ་མཚོན་ན་ཡང་། དུས་རབས་དགུ་བའི་དུས་སྟོད་དེ། ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ནས«སྒྲ་སྦྱོར་བམ་པོ་གཉིས་པ»ཞེས་པའི་གླེགས་བམ་མཛད་དེ་ཡིག་སྒྱུར་གྱི་རྩ་དོན་ཆེན་པོ་གསུམ་དང་ཐབས་དམ་པ་བཞི། ཡིད་གཟབ་བྱེད་དགོས་པ་བརྒྱད་བཅས་དངོས་སུ་བསྟན་ནས་གཅིག་གྱུར་དང་ཚད་ལྡན་གྱི་རྣམ་གཞག་གཏན་འབེབས་གནང་ཡོད་པ་རེད། «སྒྲ་སྦྱོར་བམ་གཉིས»ལས། “དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ”ཞེས་གསུངས་པ་ལྟར། ནང་པ་སངས་རྒྱས་པའི་ཆོས་བསྒྱུར་བ་ལ་ཐེག་པ་ཆེ་ཆུང་ལས་ཇི་ལྟར་འབྱུང་བ་དང་། སློབ་དཔོན་དབྱིག་གཉེན་དང་ཀླུ་སྒྲུབ་ལ་སོགས་པས་ཇི་སྐད་གསུངས་པ་དང་། ཁྱད་པར་བསྒྱུར་བྱའི་གཞུང་ལས་ཇི་ལྟར་འབྱུང་བ་ལ་ལེགས་པར་བསྟུན་ནས། དེའི་དོན་ཇི་ལྟ་བ་བཞིན་འགྱུར་མའི་སྟེང་ནས་མཚོན་དགོས་པ་སྟེ་མ་ཡིག་ལ་ཇི་བཞིན་བསྟུན་དགོས་པ་དང་། ཡང་བསྟན་བཅོས་དེ་ཉིད་ལས“བོད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་གསུངས་ཡོད་པ་ལྟར། འགྱུར་མ་ཁ་གསལ་ཞིང་བརྗོད་བདེ་བ་ཞིག་དགོས་ཚུལ་ནན་དུ་བསྟན་ཡོད་དོ། །དེའི་བོད་མི་རིགས་ཀྱི་སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་དེ་དག་གིས་བསྒྱུར་བའི་བཀའ་བསྟན་གྱི་གསུང་རབ་མཐའ་དག་ནི་ཕྱི་མོའི་གཞུང་དངོས་ཀྱི་དོན་དང་མི་འགལ་ཞིང་། མི་རིགས་རང་གི་སྐད་བརྡ་དང་ཡང་ཆུ་ལ་ཆུ་བཞག་ལྟར་འདྲེས་ཡོད་པས། ཚིག་འཇམ་ལ་དོན་གསལ་བ་སོགས་འགྱུར་སྤུས་ལེགས་པ་དང་འགྱུར་ཚད་མཐོ་བའི་ཁྱད་ཆོས་མངོན་སུམ་དུ་མངའ་བ་ནི་རང་ཅག་ཕྱི་རབས་པ་རྣམས་ཀྱིས་སློབ་སྦྱོང་དང་མིག་ལྟོས་བྱ་ཡུལ་བླ་ན་མེད་པའོ། །
རིག་གནས་ཀྱི་གཏེར་མཛོད་དུ་གྱུར་བའི་རང་རྒྱལ་གྱི་ཙི་ནའི་ཡུལ་དུ་ལོ་ཙཱའི་ལག་ལེན་དར་ནས་བགྲང་བྱ་ཉིས་སྟོང་ཙམ་གྱི་ལོ་རྒྱུས་ཡོད་པ་དང་། དེའི་རིང་ལ་བྱུང་བའི་ལོ་ཙཱ་བ་རྣམས་ཀྱིས་རང་རང་གི་ཐུན་མོང་མ་ཡིན་པའི་ཉམས་མྱོང་ལྟར་གདེང་འཇོག་གི་ཚད་གཞི་སྣ་ཚོགས་ཤིག་བཟོས་ཀྱང་། དུས་རབས་བཅུ་དགུ་བའི་དུས་མཇུག་སྤྱི་ལོ1898ལོར་ལོ་ཙཱ་བ་ཆེན་མོ་ཡན་ཧྥུ་ལགས་ཀྱིས(信达雅)སྟེ། མ་ཡིག་ལ་བསྟུན་པ་དང་། བརྗོད་བདེ་བ། མ་ཡིག་གི་ཁྱད་ཆོས་མ་ཉམས་པ་བཅས་ཐུན་མོང་ནས་ཁས་ལེན་པའི་ཚད་གཞི་གསུམ་གཏན་ལ་ཕབ་ཡོད་པ་རེད།
ལོ་རྒྱུས་སྟེང་རིམ་པར་བྱོན་པའི་ཕྱི་ནང་གི་སྐད་གཉིས་སྨྲ་བའི་དབང་པོ་ཀུན་གྱིས་རང་རང་སོ་སོའི་རྣམ་དཔྱོད་ཀྱི་རྩལ་དང་རྒྱུན་རིང་གི་ལོ་ཙཱའི་ཉམས་མྱོང་ལ་བརྟེན་ཏེ་ཡིག་སྒྱུར་གྱི་ཐབས་ལམ་ཕྱོགས་ནས། སྒྲ་སྒྱུར་དང་འཆོས་སྒྱུར། སྣོར་སྒྱུར། ཐད་སྒྱུར། འཕྲི་སྒྱུར། ཐད་ལོག་སྒྱུར། སྣོན་སྒྱུར། དོན་སྒྱུར། ལྡོག་སྒྱུར། བསྣོལ་སྒྱུར། ལུགས་འབྱུང་མཐུན་པའི་སྒྱུར་ཚུལ། ལུགས་ལྡོག་མཐུན་པའི་སྒྱུར་ཚུལ། སྤེལ་མར་མཐུན་པའི་སྒྱུར་ཚུལ་སོགས་ལག་ལེན་ལ་སྦྱར་བའི་ལྟ་ཚུལ་མི་ཉུང་བ་ཞིག་བཏོན་ཡོད་ན་ཡང་། དེ་དག་མདོར་དྲིལ་ན་ཐད་སྒྱུར་དང་དོན་སྒྱུར་གཉིས་ལས་མ་འདས་སྙམ། སྤྱིར་ན་ཐད་སྒྱུར་དང་དོན་སྒྱུར་གཉིས་ནི་ཡིག་སྒྱུར་ལས་དོན་ཁྲོད་ཀྱི་སྒྱུར་ཐབས་གལ་ཆེན་གཉིས་ཡིན་པས། གནའ་ནས་ད་བར་དུ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་སོ་སོས་དེ་གཉིས་ཀྱི་ཁྱད་པར་ངོས་འཛིན་བྱེད་ཚུལ་དང་ལག་ལེན་ཁྲོད་དུ་གང་ཞིག་གཙོ་བོར་འཛིན་དགོས་ཚུལ་སོགས་ཀྱི་སྐོར་ལ་བཞེད་པ་མི་མཐུན་པ་མང་པོ་ཡོད་དེ། རྒྱ་མི་རིགས་ལ་མཚོན་ན། སྐུ་ཞབས་ལུའུ་ཞིན་གྱིས་ཐོག་མཐའ་ཀུན་ཏུ་ཐད་སྒྱུར་དང་དོན་སྒྱུར་གཉིས་ལས་ཐད་སྒྱུར་གཙིགས་སུ་འཛིན་ཏེ། ཚིག་སྦྱོར་ཇི་འདྲ་མི་བདེ་ཡང་མ་ཡིག་དང་བསྟུན་རྒྱུ་གལ་ཆེ་བར་སྙམ་པ་དང་། ལེང་ཧྲི་ཆིག་དང་ཀྲའོ་ཅིན་ཧྲིན་རྣམ་པ་གཉིས་ཀྱིས་ནི་དོན་སྒྱུར་གཙོ་བོར་འཛིན་ཏེ། ཡིག་སྒྱུར་ཚད་ལྡན་ཞིག་འཁྱོངས་དགོས་ན། མ་ཡིག་དང་སྙིམ་པ་ཁ་སྦྱོར་ལྟར་ཨུ་ཚུགས་ཀྱིས་ཐད་སྒྱུར་བྱས་ན་མི་འགྲིག་པར་སྒྱུར་བྱེད་ཀྱི་ཡིག་རིགས་དེའི་བརྡ་སྤྲོད་ཀྱི་ཆོས་ཉིད་དང་རིག་གནས་སེམས་ཁམས་ལ་བསྟུན་ཏེ་དོན་སྒྱུར་བྱེད་དགོས་པར་འདོད། དེ་བཞིན་དུ་བོད་རང་གི་དེང་རབས་ཀྱི་མཁས་པའི་སྡེ་ནས་ཚད་ལྡན་གྱི་ལོ་ཙཱ་མཁས་པ་གཉིས་ཚབ་མཚོན་དུ་བཞག་ནས་བཤད་ན། ཨ་ཁུ་འགྱུར་མེད་ཀྱིས་ནི་ལོ་ཙཱའི་ལག་ལེན་ཁྲོད་དོན་སྒྱུར་གཙོ་བོར་འཛིན་པ་དང་། གཉའ་བློ་གྲོས་རྒྱལ་མཚན་ནམ་ཟླ་བ་བློ་གྲོས་ལགས་ཀྱིས་ཐད་སྒྱུར་རམ་མ་ཡིག་དང་བསྟུན་པ་གལ་ཆེར་འཛིན་ནོ། །

ལར་དེ་གཉིས་ཀྱི་ཁྱད་པར་དང་ངེས་ཚིག་ཞིབ་མོ་རྣམ་འཐག་གི་རིགས་པས་གསལ་ཐག་ཆོད་པ་ཞིག་འགོད་རྒྱུ་ལས་སླ་མོ་ཞིག་ཁྱོན་ནས་མིན།
དེ་ལྟར་གནའ་དེང་ཕྱི་ནང་གི་ལོ་ཙཱ་བ་མང་པོས་དོན་སྒྱུར་དང་ཐད་སྒྱུར་གྱི་གོ་དོན་ཕྱོགས་ལ་ལྟ་བ་མི་འདྲ་བ་མང་དུ་བཏོན་ཡོད་མོད། སྤྱིར་བཏང་དུ་དོན་སྒྱུར་ནི་ལོ་ཙཱ་བྱེད་སྐབས་མ་ཡིག་གི་ནང་དོན་དང་རྣམ་པ་གཉིས་ལས་ནང་དོན་གཙོ་བོར་བཟུང་སྟེ། འགྱུར་ཡིག་གི་རྣམ་པའི་ཆ་ནས་མ་ཡིག་དང་ཇི་བཞིན་མ་བསྟུན་པར་སྒྱུར་བྱེད་ཡིག་རིགས་ཀྱི་འགྲོས་དང་བསྟུན་ཅི་ཐུབ་བྱེད་པའི་ཡིག་སྒྱུར་གྱི་བྱ་ཐབས་ཤིག་ལ་ཟེར། དེ་ནི་མ་ཡིག་གི་ཚིག་ངོས་ཙམ་ལ་མི་བལྟ་བར་གཏིང་རུམ་པའི་ནང་དོན་དེ་འགྱུར་ཡིག་ཀློག་པ་པོས་གོ་བདེ་བའི་ཕྱིར་རྣམ་པའི་ཆ་ནས་སྣོན་སྒྱུར་དང་འཕྲི་སྒྱུར། བསྣོལ་སྒྱུར་སོགས་བྱས་ཏེ་སྒྱུར་བྱེད་ཡི་གེ་གང་ཡིན་པ་དེའི་ལུགས་དང་བསྟུན་ཞིང་། སྒྱུར་བྱེད་ཡིག་རིགས་གང་དེའི་སྐད་ཁོངས་ཀྱི་མི་རིགས་དེའི་ཡུལ་སྲོལ་གོམས་གཤིས་དང་འདུ་ཤེས་འཛིན་སྟངས་སོགས་དང་མཐུན་སྡེབ་བྱེད་དགོས་པ་ཡིན་ལ། ཐད་སྒྱུར་ནི་སྒྱུར་བྱའི་ནང་དོན་མ་ཡིག་དང་མི་འགལ་བའི་རྨང་གཞིའི་ཐོག་འགྱུར་ཡིག་གི་རྣམ་པ་དང་ཁྱད་ཆོས་ཀྱང་མ་ཡིག་དང་འདྲ་མཚུངས་ཡོང་བ་བྱ་རྒྱུར་དམིགས་ནས་མ་ཡིག་གི་ཚིག་གི་གོ་རིམ་དང་རྩོམ་ལུས་ཀྱི་རྣམ་པ་སོགས་ཇི་བཞིན་བསྒྱུར་བའི་སྒྱུར་ཐབས་ཤིག་ཡིན་ནོ། །ཡང་གཅིག་བཤད་ན། ཐད་སྒྱུར་གྱི་སྐབས་སུ་འགྱུར་ཡིག་གི་ཚིག་ལ་མ་ཡིག་གི་ཤན་ཞུགས་ཡོད་པས་འགྱུར་ཡིག་གི་ཀློག་པ་པོས་བལྟས་ན་ཧ་ཅང་བདེ་བོ་ཞིག་ཡོང་གི་མེད་པ་དང་། སྐབས་འགར་མ་ཡིག་གི་ཤུགས་བསྟན་གྱི་ནང་དོན་དང་རིག་གནས་ཀྱི་རྒྱབ་ལྗོངས་སོགས་ཇི་བཞིན་བསྒྱུར་མི་བཏུབ་པ་ཡིན། དོན་སྒྱུར་ནི་མ་ཡིག་དང་འགྱུར་ཡིག་གི་བསྟན་དོན་དངོས་ཆ་འདྲ་བ་ཡོང་རྒྱུ་གཙོར་བཟུང་པས། ཚིག་ངོས་ཀྱི་ནང་དོན་དང་རྩོམ་ལུས་ཀྱི་རྣམ་པའི་ཐོག་ནས་འདྲ་མཚུངས་ཡིན་དགོས་པའི་ངེས་པ་མེད་པའི་སྒྱུར་ཐབས་ཤིག་ལ་ངོས་འཛིན་བྱས་ན་འགྲིག་གོ །
ཡི་གེ་དང་ནང་དོན་གྱི་འབྲེལ་བ་ནི་མཚོན་བྱ་དང་མཚོན་བྱེད་ཀྱི་འབྲེལ་བ་ཡིན་ཞིང་། སྐད་ཡིག་སོ་སོ་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་དུ་ཡོད་པས། སྒྲ་གདངས་དང་ཚིག་སྦྱོར་གང་གི་ཐད་ནས་ཀྱང་གཅིག་འདྲ་མིན། མ་ཡིག་གི་ནང་དོན་སྒྱུར་བྱེད་ཡིག་རིགས་ཀྱིས་མ་ནོར་བར་མཚོན་པར་བྱ་རྒྱུ་ནི་ལོ་ཙཱའི་དམིགས་ཡུལ་ཡིན། འཇིག་རྟེན་གྱི་བྱ་དངོས་གང་ཞིག་ཡིན་ཡང་རྒྱ་ཡིག་གི་ལམ་ནས་བྲིས་ན་རྒྱ་ཡིག་གི་འགྲོ་ལུགས་དང་བསྟུན་དགོས་ལ། བོད་ཡིག་གི་ལམ་ནས་བྲིས་ན་བོད་ཡིག་གི་འགྲོ་ལུགས་དང་བསྟུན་དགོས། ལོ་ཙཱ་དངོས་ལ་འཇུག་སྐབས་ཐད་སྒྱུར་བྱས་ན་ལས་སླ་བོ་ཡོད་ཀྱང་། སྐབས་འགར་མ་ཡིག་གི་ནང་དོན་ཇི་བཞིན་མཚོན་མི་ཐུབ། དོན་སྒྱུར་བྱས་ན་ལས་སླ་མོ་མིན་ཡང་མ་ཡིག་གི་ནང་དོན་དངོས་ཇི་བཞིན་མཚོན་ཐུབ་པ་ཡིན། ཐད་སྒྱུར་ལ་བཙན་སྒྱུར་གྱི་སྐྱོན་འབྱུང་སླ་བས་སྐབས་འགར་མ་ཡིག་གི་ནང་དོན་དང་རྣམ་པ་གཉིས་ཀར་ཉམས་ཆག་ཐེབས་སྲིད། དོན་སྒྱུར་གྱིས་མ་ཡིག་གི་རྣམ་པ་བརྗེས་ན་ཡང་ནང་དོན་ཇི་བཞིན་མཚོན་ཐུབ།
ཐད་སྒྱུར་གྱི་ཁྱབ་ཁོངས་ནི་ཆབ་སྲིད་རྩོམ་ཡིག་དང་། ལོ་རྒྱུས་ཡིག་ཚགས། གསར་འགྱུར་དང་ཚན་རྩལ་སྐོར་གྱི་རྩོམ་ཡིག་སོགས་ཡིན་ལ། དོན་སྒྱུར་གྱི་ཁྱབ་ཁོངས་ནི་སྒྱུ་རྩལ་རྩོམ་རིག་ཡིན། ཐད་སྒྱུར་བྱས་ན་དོན་གྱི་བྱེ་བྲག་པ་མཚོན་རྒྱུར་ཕན་པ་དང་དོན་སྒྱུར་བྱས་ན་ནི་ནང་དོན་སྤྱི་མཚོན་པར་བྱེད་རྒྱུར་ཕན། སྒྱུ་རྩལ་རྩོམ་རིག་དང་མི་རིགས་སོ་སོའི་གཏམ་དཔེ་སོགས་ལོ་ཙཱ་བྱེད་སྐབས་དོན་སྒྱུར་གཙོ་བོར་འཛིན་དགོས། དེ་དག་ཐད་སྒྱུར་བྱས་ན་ཀློག་པ་པོས་མ་ཡིག་གི་ནང་དོན་ལ་གོ་བ་གཏིང་ཟབ་མོ་ལོན་དཀའ་བ་དང་འགྱུར་ཡིག་རྙོག་རྫོབ་ཅན་དུ་འགྱུར་བ། ཐ་ན་བཙན་སྒྱུར་དང་ལོག་སྒྱུར་སོགས་ཀྱི་སྐྱོན་ཆའང་མི་ཉུང་བ་ཞིག་འབྱུང་ངེས། དོན་སྒྱུར་ནི་དེ་འདྲ་ཞིག་མ་ཡིན་པར་ནང་དོན་དངོས་དང་རིག་གནས་རྒྱབ་ལྗོངས་སོགས་འགྱུར་ཡིག་གི་ནང་དུ་ཁ་གསལ་ཞིང་གོ་བདེ་བའི་ངང་མཚོན་ཐུབ་པ་དང་། ཀློག་པ་པོས་གོ་སླ་བ་སོགས་ཀྱི་དགེ་མཚན་དུ་མ་མངའ་བས། ཁོ་བོས«ཨ་ཧྲི་མ»བསྒྱུར་བའི་གོ་རིམ་ཁྲོད་དུའང་གཙོ་བོ་དོན་སྒྱུར་གཙིགས་སུ་བཟུང་བ་ཡིན་ནོ།། སྤྱིར་ན་ལོ་ཙཱའི་ལག་ལེན་ཁྲོད་དུ་ཐད་སྒྱུར་དང་དོན་སྒྱུར་གང་ཡང་མེད་མི་རུང་སྟེ། དེ་གཉིས་བབ་བསྟུན་མཐུན་སྦྱོར་གྱིས་བེད་སྤྱོད་རྒྱུ་མ་གཏོགས། མཐའ་གཅིག་ཏུ་སྒྱུར་ཐབས་གཅིག་ཁོ་ན་མཁྲེགས་འཛིན་བྱེད་རྒྱུ་མེད། ངས་འདིར་བཤད་པ་ནི་མ་ཡིག་དང་འགྱུར་ཡིག་གི་རྣམ་པ་དོ་མཉམ་མིན་པ་དང་། མ་རྩོམ་རིག་ཚན་གང་ལ་གཏོགས་པ། རྩོམ་ལུས་གང་ཡིན་པ་སོགས་ལ་གཞིགས་ནས་སྒྱུར་ཐབས་དེ་གཉིས་ལ་གཙོ་ཕལ་གྱི་དབྱེ་བ་བཀར་བ་ཙམ་ཡིན། འགྱུར་ཆོས་གོ་བདེ་མིན་དེ་ཡང་ལོ་ཙཱ་བས་ཐད་སྒྱུར་དང་དོན་སྒྱུར་གྱི་ཐབས་ལམ་གཉིས་ལས་གཙོ་བོར་གང་ཞིག་སྤྱད་པར་རག་ལས་པ་ཡིན་ཏེ། དོན་སྒྱུར་གཙོ་ཆེ་ན་གོ་བདེ་ཞིང་ཐད་སྒྱུར་བྱས་དྲགས་ན་གོ་དཀའ་བ་གོང་དུ་བརྗོད་ཟིན་པ་ལྟར། མཁས་དབང་དགེ་ཆོས་སོགས་གནའ་ནས་ད་ལྟའི་བར་གྱི་ལོ་པཎ་ཕལ་ཆེ་བའི་དགོངས་བཞེད་ལགས་པས། འགྱུར་ཆོས་གོ་བདེ་ཡོང་བ་ཚིག་མཛོད་ཁོ་ན་ཙམ་ལ་མི་བརྟེན་པར། མིང་དང་ཚིག་གི་རིག་གནས་ཀྱི་བསྟན་དོན་བཞིན་བསྒྱུར་དགོས་པ་དང་། གཞན་བསྒྱུར་བྱ་དང་མཚུངས་པར་སྒྱུར་བྱེད་ཀྱི་སྐད་ཆའི་སྦྱོར་ལུགས་དང་ཚིག་རྒྱན་སྡེབ་སྟངས། གབ་ཚིག་དང་གཏམ་དཔེ། ཡུལ་སྲོལ་གོམས་གཤིས་སོགས་ལ་འདྲིས་ཤིང་བསྟུན་ནས། ལྟ་བདེ་ཞིང་ངེས་ཤེས་བསྐྱེད་སླ་བ། ཀུན་ལ་གྲགས་ཤིང་ཡིད་རྟོན་བློས་འགེལ་ཆོག་པ་ཞིག་ཏུ་བསྒྱུར་བར་འབད་འབུངས་བྱེད་དགོས་སོ། །
ཡིག་སྒྱུར་གྱི་དགོས་མཁོ་གཞིར་བཟུང་ནས་ཐད་སྒྱུར་དང་སྒྲ་སྒྱུར། དོན་སྒྱུར་བཅས་ཟུང་འབྲེལ་དང་། བབ་བསྟུན་མཐུན་འཇུག་བྱ་ཤེས་རྒྱུ་ནི། ལོ་ཙཱ་བ་ཚད་ལྡན་ཞིག་ལ་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ཡིན་ནོ། །
ད་རེབ་ཕྲན་གྱིས་བསྒྱུར་ཁུལ་བགྱིས་པའི«ཨ་ཧྲི་མ»ནི་རང་རྒྱལ་ཡུན་ནན་ས་ཁུལ་གྱི་གྲངས་ཉུང་མི་རིགས་སུ་གཏོགས་པའི་དབྱིས་རིགས་ཀྱི་ནང་ཚན་ས་ནུའི་རིགས་ཀྱི་སྐད་གྲགས་ཆེ་བའི་གཏམ་རྒྱུད་ཅིག་ཡིན། དེ་ཡང་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་ངག་རྒྱུན་གྱི་སྒྲུང་རབས་ལྟ་བུ་ཞིག་ཡིན་པས། གཏམ་རྒྱུད་ཀྱི་རྩ་བའི་གཞུང་ཤིང་དང་བྱུང་རིམ་ཐད་ནས་ཀྱང་ཟུར་ངོས་ཅུང་ཟད་མི་འདྲ་བའི་མི་བཤད་སྟངས་སྟོང་ཕྲག་ལ་ཉེ་བ་ཡོད་སྐད། ཉེ་ལམ་ཡིག་ཐོག་ནས་འགྲེམ་སྤེལ་བྱས་ཟིན་པའི་པར་གཞི་འདྲ་མིན་གྱི་དཔེ་དེབ་ཡང་ཤིན་ཏུ་མང་པོ་མཐོང་རྒྱུ་ཡོད་པ་རེད། དེ་དག་གི་རྒྱས་བསྡུས་དང་ནང་དོན་ཡང་རྟ་མོག་མོག་གི་སྤུ་ལྟར་སྣ་ཚོགས་སུ་སྣང་བ་ལས་ཡོངས་རྫོགས་གཅིག་པ་གཅིག་རྐྱང་ཡེ་ནས་མིན།
མིག་སྔར་ཁོ་བོས་དྲ་ལམ་དང་དེབ་གཟུགས་གང་རུང་བརྒྱུད་ནས«ཨ་ཧྲི་མའི»སྐོར་གྱི་རྒྱུ་ཆ་ཉི་ཤུ་ལ་ཉེ་བར་ལྟ་ཀློག་བྱས་པ་ལྟར་ན། གཏམ་རྒྱུད་ཀྱི་གཞུང་ཤིང་ཕལ་མོ་ཆེ་ཡང་མཐུན་ཡང་། མི་འདྲ་སའི་གནད་ཀྱང་དུ་མ་མཐོང་སྟེ། ཁ་ཅིག་ཏུ་མི་སྣ་གཙོ་བོ་ཨ་ཧྲི་མ་དང་ཨ་ཧེ་གཉིས་ཁྱིམ་གཅིག་ནས་སྐྱེས་པའི་མིང་སྲིང་ལྟ་བུར་བྲིས་ཡོད་པ་དང་། འགའ་ཞིག་ཏུ་ཨ་ཧྲི་མ་དང་ཨ་ཧེ་གཉིས་ནི་སྡེ་བ་གཅིག་ནས་སྐྱེས་ཤིང་ཕན་ཚུན་ལ་བརྩེ་སེམས་ཀྱི་འོ་ཆུ་འདྲེས་པའི་ན་ཆུང་གི་དགའ་རོགས་ཆ་གཅིག་ཡིན་པ་ལྟར་བྲིས་ཡོད་པ་རེད། བདག་གིས་ནི་གཙོ་ཆེར་གཏམ་རྒྱུད་འདིའི་འགུགས་ཤུགས་དང་སྒྱུ་རྩལ་རང་བཞིན་ལ་དམིགས་ནས། གོང་གི་བཤད་ཚུལ་དེ་གཉིས་ལ་ཕྱི་མའི་ལུགས་ལྟར་བསྒྱུར་བ་ཡིན་ནོ། །
གང་ལྟར«ཨ་ཧྲི་མ»ནི་རང་རྒྱལ་ཡུན་ནན་ཞིང་ཆེན་གྱི་ས་ནུའི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཁག་ཅིག་ལ་མཚོན་ན། བོད་རིགས་དམངས་ཁྲོད་ཀྱི«གེ་སར་སྒྲུང»ལྟར་སྐད་གྲགས་ཆེ་ཞིང་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་ཞིང་སར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་འཛམ་གླིང་རྩོམ་རིག་གི་སྐྱེད་ཚལ་ཆེན་མོའི་དབུས་སུ་མཚར་སྡུག་གི་བཀྲག་མདངས་ངོམ་བཞིན་མཆིས་སོ། །ཁྱད་པར་དུ་དེང་གི་ཆར། བློ་མཐུན་ཞི་ཅིན་ཕེན་གྱིས“རྒྱལ་ཡོངས་ས་གནས་སོ་སོས་གནའ་བཟང་དེང་སྤྱོད་ཀྱི་ངེས་ཤེས་ཟབ་མོས་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་རྒྱུན་འཛིན་བྱེད་དགོས”ཞེས་ཡང་དག་པའི་སྲིད་ཇུས་ཀྱི་མཛུབ་སྟོན་དགོངས་འཆར་གནང་བ་ལྟར། «ཨ་ཧྲི་མ»ཡང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མྱུར་སྐྱོབ་རྣམ་གྲངས་ཀྱི་ཁོངས་སུ་ཚུད་ཡོད་དོ། །
མདོར་ན། ཡིག་སྒྱུར་ནི་རིག་གནས་བྱེ་བྲག་ཅིག་གི་ཁྱབ་ཁོངས་ལས་བརྒལ་ནས་རིག་གནས་གཞན་དང་འབྲེལ་འདྲིས་བྱེད་པའི་ལག་ཆ་ཞིག་ཡིན་པས། ཡིག་སྒྱུར་གྱི་ལས་ལ་འཇུག་སྐབས་ངེས་པར་དུ་བསྒྱུར་བྱའི་སྐད་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་ཧ་ཅང་བྱང་ཆུབ་དགོས་པ་གཞིར་བཞག ད་དུང་སྐད་རིགས་དེ་གཉིས་ཀྱིས་མཚོན་པའི་རིག་གནས་ལའང་ཤིན་ཏུ་འདྲིས་དགོས་པ་ཡིན་ཏེ། སྐད་ཆ་ནི་རིག་གནས་ཀྱི་རྗོད་བྱེད་ཉག་གཅིག་ཡིན་ལ། ས་ཁོངས་དང་ལོ་རྒྱུས། བསམ་བློའི་འཁྱེར་སོ་བཅས་མི་འདྲ་བ་ལ་བརྟེན་ནས་བྱུང་བའི་རིག་གནས་མི་འདྲ་བར་སྐད་ཆའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཡོད། སྐད་ཆའི་སྒྱུ་རྩལ་ནི་རིག་གནས་དེའི་ངོ་བོ་སྟོན་པའི་ཡོ་བྱད་ཅིག་རེད། ཡིག་སྒྱུར་སྐབས་སུ་སྐད་རིགས་ཕན་ཚུན་ཕྱིའི་ངོ་བོ་བསྒྱུར་བ་མ་ཟད། སྐད་རིགས་གཉིས་ཀྱི་བསྟན་བྱའི་ནང་གི་རིག་གནས་ཀྱི་ཁྱད་ཆོས་ཀྱང་གང་འཚམ་འགྱུར་བ་གཏོང་དགོས། རྒྱུ་མཚན་ནི་སྐད་གདངས་དང་། མིང་ཚིག བརྡ་སྤྲོད་སོགས་མི་མཐུན་པ་ལས་རིག་གནས་ཀྱི་ཁྱད་ཆོས་མི་འདྲ་བ་མཚོན་པས་སོ།། དེར་བརྟེན་མི་རིགས་ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་ཕན་ཚུན་རྒྱུས་ལོན་མིན་དེ་སྐད་ཆ་བསྒྱུར་བ་ཙམ་གྱིས་མི་ཆོག་པར་ཕྱོགས་གཉིས་ཀྱི་རིག་གནས་ལ་ཆ་རྒྱུས་ཡོད་མེད་དེ་ལོ་ཙཱ་ལེགས་འགྲུབ་འབྱུང་མིན་གྱི་གནད་འགག་གཙོ་བོ་ཡིན་པར་སྙམ་མོ། །
2022.8.13ཉིན།
སྙན་བཟང་ཡུམ་སྐྱབས་རྒྱལ་ངོ་སྤྲོད་མདོར་བསྡུས།
སྙན་བཟང་ཡུམ་སྐྱབས་རྒྱལ་ནི་མདོ་སྨད་རེབ་གོང་ནས་སྐྱེས་ཤིང་། སྤྱི་ལོ1992ནས1995ལོའི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སྡེ་ཁག་ནས་སློབ་མཐར་ཕྱིན། ཁོང་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་འཛིན། མཚོ་སྔོན་ཡིག་སྒྱུར་མཐུན་ཚོགས་ཀྱི་ཚོགས་མི། རྒྱལ་ཁབ་རིམ་པ་དང་པོའི་གསར་རྩོམ་པ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྲངས་ཉུང་མི་རིགས་སྐད་ཡིག་ཡིག་སྒྱུར་དཔྱད་འཇོག་ཆེད་མཁས་ཨུ་ཡོན་ཚོགས་པའི་ཕུལ་བྱུང་ཁོངས་མི། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཡིན།
2011ལོའི་ཟླ10པའི་ནང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་གྱི་ཕུལ་བྱུང་མི་སྣའི་གྲས་སུ་བདམས་པ་དང་། རྨ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི “ཤེས་ལྡན་མི་སྣ་རྩེ་གྲ”ཞེས་པའི་གྲས་སུ་བདམས། སྤྱི་ལོ2012ལོར་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གཟེངས་ཐོན་གྱི་དཔེ་ལེགས་མི་སྣ་བཅུའི་གཟིགས་བཟོས་མཚན་སྙན་གནང་།
2020ལོར་མཚོ་སྔོན་ཞིང་ཆེན་གྱི“ཁུན་ལིན་ཤེས་ལྡན་པ་དང་ཤེས་ལྡན་མི་སྣ་གྲགས་ཅན”རྩེར་སོན་མི་སྣའི་གྲས་སུ་བདམས། ད་ལྟ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་གསར་རྩོམ་ཞིབ་འཇུག་ཁང་གི་ཀྲུའུ་རེན་དང་། རྨ་ལྷོ་ཁུལ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ཞིབ་འཇུག་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་བཞེས་ཡོད།
1992ལོར་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་བཟུང་། «སྦྲང་ཆར»སོགས་དུས་དེབ་སྟེང་སྙན་ངག་དང་བརྩམས་སྒྲུང་། ལྷུག་རྩོམ། དཔྱད་རྩོམ། བསྒྱུར་རྩོམ་སོགས380སྤེལ་ཞིང་། «ཁྲག་དྲོན»སོགས་བརྩམས་ཆོས་སྐོར་ཞིག་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་མང་ཐོབ་མྱོང་། «ཨ་ཁུ་དར་རྒྱས་ཀྱི་སྐྱོ་གླུ»ཞེས་པ་སྤྱི་ལོ1998ལོར«མཚོ་སྔོན་མང་ཚོགས་སྒྱུ་རྩལ»དུ་བཀོད་པའི་རྗེས་སུ་ཧྲན་ཞིའི་སྒྲ་བརྙན་ཁང་གིས་སྒྲ་ཐག་ཏུ་ཕབ་སྟེ་འགྲེམ་སྤེལ་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ། སྔ་གཞུག་ཏུ«ཁ་བའི་རྨི་ལམ»དང«རྒོད་པོའི་གཤོག་རླབས» «བྱང་འབྲོང་གི་རྨིག་སྒྲ»སོགས་དཔེ་དེབ་བཅུ་གཅིག་བསྟུད་མར་པར་སྐྲུན་བྱས་པ་ལས«ཁ་བའི་རྨི་ལམ»དང«བྱང་འབྲོང་གི་རྨིག་སྒྲ»སོགས་ལ་བསྟུད་མར་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་གསར་རྩོམ་སྐབས་བཞི་པ་དང་། སྐབས་ལྔ་པ། སྐབས་དྲུག་པ་བཅས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། བརྩམས་ཆོས་ཁག་ཅིག་རྒྱ་ཡིག་དང་དབྱིན་ཡིག་སོགས་ཡིག་རིགས་དུ་མར་བསྒྱུར་ཡོད།
2012ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས«གངས་རིའི་བརྩེ་མདངས»(སྙན་བཟང་ཡུམ་སྐྱབས་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས)ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
འབྲེལ་ཡོད་འོས་སྦྱོར།