དགའ་བ་དགྲ་འདུལ་ལགས་ཀྱི་བྱིས་སྒྲུང་རི་མོ་ཅན་བཞི་པར་དུ་བསྐྲུན་པ།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
དུས་ཚོད།:2023-06-06
ཀློག་གྲངས།:
ཉེ་ཆར། དགའ་བ་དགྲ་འདུལ་ལགས་ཀྱི་བྱིས་སྒྲུང་རི་མོ་ཅན་བཞི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།

«བུ་སྣབས་འཛིར»ཞེས་པའི་རིས་སྒྲུང་ནང་བུ་སྣབས་འཛིར་གྱིས་པཱ་ལགས་ཀྱི་རོགས་རམ་འོག་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་རྒོད་ཕྲུག་གཉིས་ལ་ཨ་མ་འཚོལ་རོགས་བྱས་པའི་སྐོར་ཡིན་ཞིང་། སྒྲུང་འདིས་གྲོགས་པོ་ཆུང་ཆུང་ཚོ་ལ་ལས་ཀ་གང་རུང་འགོ་གཞུག་མཐའ་འཁྱོལ་བྱས་པ་ཡིན་ན། མཐར་བསམ་ཡུལ་ལས་འདས་པའི་བྱ་དགའ་ཐོབ་སྲིད་པའི་གནས་ལུགས་བཤད་ཡོད།

«ཕག་ཕྲུག་སྟོབས་རྒྱལ་གྱི་སྟ་རེ»ཞེས་པར་ཕག་ཕྲུག་སྟོབས་རྒྱལ་གྱིས་ཤིང་སྦོམ་ཤོས་ཤིག་གཅོད་པའི་ཆེད་དུ་སྟ་རེ་རྣོ་ཤོས་ཤིག་བཟོས་པ་རེད། ཡིན་ནའང་བསམ་ཡུལ་ལས་འདས་པར་ཤིང་སྦོམ་ཤོས་དེ་རང་ཉིད་ཀྱིས་བཅད་དེ་སྟ་རེའི་ཡུ་བ་བཟོས་ཟིན་པས། ཅི་བྱ་གཏོལ་མེད་དུ་གྱུར་བ་རེད། སྒྲུང་འདིས་གྲོགས་པོ་ཆུང་ཆུང་ཚོ་ལ་ལས་ཀ་ག་འདྲ་ཞིག་བྱས་ཀྱང་བསམ་བློ་གཏོང་དགོས་པ་ནི་གལ་ཆེན་པོ་ཡིན་པ་བསྟན་ཡོད།

«སྲོག་ཆགས་ཀྱིས་ཆུ་ཕུད་ལེན་པ»ཞེས་པར། གཡོ་སྒྱུ་ཅན་གྱི་ཝ་མོས་ཆུ་ཕུད་དང་པོ་རག་ཆེད། བྱ་དེའི་སྒེའུ་ཁུང་བཀབ་པ་དང་། ཡིན་ནའང་བྱ་དེས་སེམས་འཛིན་མ་བྱས་པར་ཝ་མོ་གངས་ཁྲོད་ནས་བསྐྱབས་པའི་སྐོར་བྲིས་ཏེ། གྲོགས་པོ་ཆུང་ཆུང་ཚོར་ལས་ཀ་གང་ཡིན་རུང་ཁོག་རྒྱ་ཆུང་ཆུང་བྱེད་མི་རུང་བ་བསྟན་ཡོད།

«གྲོག་མ་སེར་རིལ་དང་ནག་རིལ»ཞེས་པར། གྲོག་མ་ཆུང་ཆུང་གཉིས་ཀྱིས་གྲོ་སོབ་ཆེན་པོ་ཞིག་རྙེད་པར་ཕན་ཚུན་བློས་མི་འཁྱོལ་བར་ལྐོག་ཟ་བྱེད་ཀྱི་རེད་བསམས་ནས་རྩོད་གླེང་མང་པོ་བྱེད་པའི་སྐབས། ཁྱི་ཞིག་གིས་ཁྱུར་མིད་དུ་བཏང་བའི་སྐོར་བྲིས་ནས་ང་ཚོར་མཉམ་ལས་བྱེད་པར་ཕན་ཚུན་ཡིད་ཆེས་དགོས་པ་དང་། མཉམ་སྤྱོད་བྱེད་དགོས་པའི་གལ་ཆེའི་གནས་ལུགས་བསྟན་ཡོད།
རྩོམ་པ་པོའི་གཏམ།
དེའང་། «སྲོག་ཆགས་ཀྱིས་ཆུ་ཕུད་ལེན་པ» «གྲོག་མ་སེར་རིལ་དང་ནག་རིལ» «བུ་སྣབས་འཛིར» «ཕག་ཕྲུག་སྟོབས་རྒྱལ་གྱི་སྟ་རེ»ཞེས་བོད་ཡིག་གིས་བྲིས་པའི་གསར་རྩོམ་རིས་དེབ་བཞི་པོ་འདི་དག་ད་ལམ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་བ་དང་། ཐོག་མཐའ་བར་གསུམ་དུ་བདག་ལ་རྒྱབ་སྐྱོར་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམས་དང་། ཕ་མ་སྤུན་མཆེད། མོས་པ་མཐུན་པའི་གྲོགས་རྣམས་ལ་བཀའ་དྲིན་ཆེ་ཞེས་ལན་བརྒྱར་ཞུ།
སྔ་པོ་ཞིག་ནས་རང་ཉིད་ཀྱིས་བྱིས་པའི་དཔེ་ཀློག་དང་སློབ་གསོར་དོ་ཁུར་བྱས་མྱོང་ཞིང་། ལྷག་པར༢༠༡༧ཙམ་ནས་དབྱིན་ཡིག་གི་རིས་དེབ་ལྟ་འགོ་བཙུགས། ཁོ་ཚོའི་ཁམས་དྭངས་ལ་སྟབས་བདེ་བའི་རི་མོའི་འབྲི་སྟངས་དང་། ལྷག་པར་དུ་དགོད་བྲོ་ལ་འབྲུ་ཉུང་བའི་སྒྲུང་གི་རྣམ་པ། ག་ཚོད་བལྟས་ཀྱང་ད་རུང་ལྟ་འདོད་པའི་པར་གཞི་ཇུས་འགོད། སྒྲུང་གིས་ཤུགས་སུ་བསྟན་པའི་གནས་ལུགས་སོགས་ལྟ་ཀློག་ལ་དྭངས་བ་འདྲེན་ཞིང་སྤྲོ་བ་འཕེལ་བའི་ཁྱད་ཆོས་དེ་དག་གིས་བདག་གི་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག་ཏེ་རང་ཅག་ལའང་འདི་ལྟ་བུའི་རིས་དེབ་མང་དུ་བྱུང་ན་བྱིས་པ་མང་པོ་ཞིག་བོད་ཡིག་གི་དཔེ་ཆ་ལྟ་བར་སྤྲོ་བ་སྲིང་ཐུབ་ངེས་རེད་སྙམ་བྱུང་།
མ་གཞི་རང་ཅག་ལ་དམངས་སྒྲུང་སོགས་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད་ཀྱང་། ཡུལ་དང་དུས་ཀྱིས་བསྐལ་བས་ད་ལྟའི་བྱིས་པ་ཚོའི་ཁམས་དང་མོས་པར་མཐུན་པ་ཉུང་ཤས་ལས་མ་མཐོང་བར་བརྟེན། བདག་གིས་ཀྱང་བར་འདིར་སྒྲུང་ཐུང་འགའ་ཅིས་ཀྱང་འབྲི་དགོས་པ་འདུག་སྙམ་ཏེ་སྒྲུང་ཐུང་གསར་རྩོམ་གྱི་ལས་ལ་གཞོལ། མ་ཟད། རི་མོར་དགའ་བའི་གྲོགས་པོ་མང་པོ་ཞིག་གིས་བདག་ལ་བློ་སྟོབས་དང་སེམས་ཤུགས་མང་དག་ཅིག་སྦྱིན་པས༢༠༢༡ལོར་དངོས་སུ་རིས་སྒྲུང་གི་རི་མོ་འབྲི་བའི་འགོ་བཙུགས་ཤིང་། མདུན་དུ་བྲིས་ཟིན་པའི་སྒྲུང་ཐུང་དག་སླར་ཡང་ཚིག་གོ་བདེ་བ་དང་། ཡིག་འབྲུ་ཉུང་ངུར་བཅོས་པ་ཡིན།
བདག་གིས་ཀྱང་སྒྲུང་འདི་དག་གིས་ཐོག་མར་བྱིས་པ་ཚོ་བོད་ཡིག་དཔེ་དེབ་ཀློག་པར་སྤྲོ་བ་སྲིང་ཨེ་ཐུབ་སྙམ་པ་དང་། བར་དུ་བྱིས་པ་ཚོར་སྲོན་རྒྱུན་རིག་གནས་ཀྱི་བག་ཆགས་ཅུང་ཟད་རེ་འཇོག་ཨེ་ཐུབ་བསམ་པ་དང་། མཐའ་མར་སྒྲུང་འདི་དག་གིས་བྱིས་པའི་འཚར་ལོངས་ཁྲོད་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་ཕྲན་བུ་ཙམ་སྦྱིན་ཨེ་ཐུབ་སྙམ་པ་གཙོ་བོར་བྱས་སོ། །
༢༠༢༢ལོར་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དང་། ལྷ་ས་དབྱིབས་རྩིས་དཔེ་ཁང་དུ་རི་མོའི་བརྩམས་ཆོས་དག་བདམས་བཏུས་ཀྱིས་འགྲེམས་སྟོན་ཐེངས་རེ་བཤམས་པར། བྱིས་པ་ཚོས་ལྷག་ཏུ་དགའ་བར་བྱེད། ཁོ་བོར་མཚོན་ན་དེ་ནི་སྤྲོ་བ་ཆེ་ཤོས་དེའོ། །བདག་གིས་རིས་སྒྲུང་གི་སྒྲུང་གཏམ་ཡིན་ནའང་འདྲ། རི་མོ་ཡིན་ནའང་འདྲ། གང་ལྟར་བྱིས་པ་ཚོའི་བསམ་འཆར་དང་ལེན་བྱེད་པ་དེ་ཆེས་གལ་འགངས་ཆེ་བར་བརྩི་གིན་ཡོད་དེ། ད་ལྟའི་བྱིས་པ་དག་དྲན་རྒྱུ་རྒོད་པ་དང་། ལྷག་པར་དུ་རི་མོའི་ལྷན་སྐྱེས་ཤེས་རབ་ཤིན་ཏུ་རྣོན་པོ་ཡོད་པས་བྱིས་པ་ཚོར་རིས་དེབ་འབྲི་རྒྱུ་དེའང་ལས་སླ་པོ་ཞིག་གཏན་ནས་མིན།
གང་ལྟར། རིས་དེབ་བཞི་པོ་དག་གསར་རྩོམ་དང་དཔེ་སྐྲུན་གྱི་བརྒྱུད་རིམ་ནང་དཀའ་ངལ་མང་དག་ཅིག་ཕྲད་པ་ནི་སྨོས་མི་དགོས། རིས་དེབ་འདི་དག་ཀྱང་ཁོ་བོ་མི་གཅིག་གི་ནུས་པས་གྲུབ་པ་ནི་གཏན་ནས་མིན་པས། སླར་ཡང་རིས་དེབ་འདི་དག་གི་སྟེང་དུ་སྐུ་ལས་བཀྱོན་མཁན་དང་། དངོས་ཤུགས་ཀུན་ནས་རྒྱབ་སྐྱོར་གནང་མཁན་ཚང་མར་བཀའ་དྲིན་ལན་བརྒྱར་ཞུའོ། །སླད་མར་ཡང་། དགེ་བའི་བཤེས་གཉེན་རྣམས་པ་དང་། བློ་རིག་གསལ་ཞིང་སྤྱང་གྲུང་འཛོམས་པའི་བྱིས་པ་ཚོས་དགོངས་འཆར་གང་མང་བདག་ལ་ལྷུག་པོར་སྩོལ་བའི་རེ་བ་དང་བཅས།

༢༠༢༣ལོ་ཟླ༦པའི་ཚེས༣ཉིན་ལྷ་ས་ནས་གུས་ཕུལ།
རྩོམ་པ་པོ་ངོ་སྤྲོད།

དགའ་བ་དགྲ་འདུལ། བོད་ཀྱི་དེང་རབས་གཞོན་སྐྱེས་རྩོམ་པ་པོ་དང་། རིས་སྒྲུང་རྩོམ་པ་པོ། བར་འཇུག་རི་མོ་བ། བོད་རང་སྐྱོང་ལྗོངས་ཐང་ག་མཐུན་ཚོགས་ཀྱི་ཁོངས་མི། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཁོངས་མི། བོད་ལྗོངས་སློབ་ཆེན་བོད་ཡིག་ཆེད་ལས་ནས་སློབ་མཐར་ཕྱིན། ཆུང་དུས་ནས་ཨ་ཕའི་ཤུགས་རྐྱེན་འོག་དཔེ་ཀློག་དང་། རྩོམ་འབྲི། ཡིག་གཟུགས། རོལ་དབྱངས། རི་མོ་སོགས་དགའ་ཕྱོགས་མང་། སྤྱི་ལོ༢༠༠༣ནས་འགོ་བཙུགས་ཏེ། «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»སོགས་དུས་དེབ་ཀྱི་སྟེང་དུ་རྩོམ་ཡིག་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་སློབ་གྲྭ་ཆེ་འབྲིང་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་བསྡུར་ནང་བྱ་དགའ་ཨང་གཉིས་པ་ཐོབ། ༢༠༡༨ལོར་ལྗོངས་ཡོངས་ཡིག་གཟུགས་འགྲན་བསྡུར་ཁྲོད་ཕུལ་བྱུང་གི་བྱ་དགའ་ཐོབ། ༢༠༢༠ལོར་བརྩམས་སྒྲུང་རིང་གྲས། «བརྩེ་དུང་མེད་པའི་ལོ་མ»བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན། ༢༠༢༣ལོར«སྲོག་ཆགས་ཀྱིས་ཆུ་ཕུད་ལེན་པ» «གྲོག་མ་སེར་རིལ་དང་ནག་རིལ» «བུ་སྣབས་འཛིར» «ཕག་ཕྲུག་སྟོབས་རྒྱལ་གྱི་སྟ་རེ»བཅས་གསར་རྩོམ་རིས་དེབ་བཞི་པོ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས།
འབྲེལ་ཡོད་འོས་སྦྱོར།