«གུ་གེ་རྒྱལ་རབས་དར་རྒུད་ཀྱི་ལོ་རྒྱུས་ཞིབ་འཇུག»ཅེས་པ་པར་སྐྲུན་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-07-06
ཀློག་གྲངས།:
ཉེ་ཆར། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་གུར་མགོན་སྐྱབས་ལགས་ཀྱིས་བརྩམས་པའི་རིག་གཞུང་ཞིབ་འཇུག་གི་བརྩམས་ཆོས་དེབ«གུ་གེ་རྒྱལ་རབས་དར་རྒུད་ཀྱི་ལོ་རྒྱུས་ཞིབ་འཇུག»ཅེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་འདུག

གླེང་གཞི།
དེ་ཡང་སྤྱི་ལོ841ལོར་བོད་ཆེན་པོའི་བཙན་པོའི་འུ་དུམ་བརྟན་སྐུ་བཀྲོངས་རྗེས། ཕོ་བྲང་ནང་ཁུལ་དུ་གཅེན་ལ་མ་འཆམ་པར་ཡུམ་བརྟན་དང་འོད་སྲུང་ཕྱོགས་ཁག་གཉིས་སུ་གྱེས་ཤིང་སོ་སོའི་ཕྱོགས་བློན་འབངས་ཐ་དད་ཀྱིས་བཟུང་སྟེ་ཡུམ་བརྟན་གྱིས་དབུ་རུ། འོད་སྲུང་གིས་གཡོ་རུ་བཟུང་ནས་དབུ་གཡོར་འཁྲུག་པར་བྱས། ཡུལ་གྲུ་ཕལ་མོ་ཆེར་ཆེ་སྲིད་དང་ཆུང་སྲིད། མང་ཚན་དང་ཉུང་ཚན། གསེར་པ་དང་གཡུ་པ། ཤ་གཟན་དང་རྩམ་གཟན་ཞེས་སྡེ་གཉིས་གཉིས་སུ་ཆད་དེ་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པའི་བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བའི་ངང་ཚུལ་ཡིད་སྐྱོ་བ་དེ་བྱུང་། དེ་དང་མཉམ་དུ་མདོ་སྨད་ནས་དབུས་གཙང་ལ་ཐུག་གི་བར་བོད་ཁམས་ཡོངས་ལ་འབངས་ཁེང་ལོག་བྱུང་སྟེ་ཡུལ་མཐའ་སོ་སྲུང་གི་དམག་དཔོན་རྣམས་ཀྱང་ཕན་ཚུན་འཁྲུག་ལོང་གི་ནང་དུ་ཞུགས་པས་ཕྱིའི་སོ་ཁ་ཤོར་བ་དང་། ནང་དུ་གཅིག་གྱུར་གྱི་སྲིད་དབང་འཛིན་ཐུབ་མཁན་མ་བྱུང་ལ། དར་མའི་སྲས་ཡུམ་བརྟན་དང་འོད་སྲུང་གི་རྒྱུད་པ་དག་གིས་ཀྱང་གཅིག་ཁོངས་གཅིག་ལ་མི་འདུ་བའི་རྒྱལ་ཕྲན་མང་པོ་བཙུགས། དེ་དག་གི་ཁྲོད་ནས་ཁྲི་གནམ་ལྡེ་འོད་སྲུང་གི་རྒྱུད་པས་བཟུང་བ་གུ་གེ་རྒྱལ་རབས་སུ་གྲགས་པ་དེ་ཉིད་ལོ་ངོ་བདུན་བརྒྱར(སྤྱི་ལོ980-1630)ཉེ་བའི་རིང་སྟོད་མངའ་རིས་ཀྱི་ཡུལ་དུ་རྒྱལ་ཐོག་སུམ་ཅུ་ཙམ་འདས་ཤིང་། ཆོས་སྲིད་གང་གི་ཐད་ནས་ཀྱང་བོད་ཀྱི་ལོ་རྒྱུས་སྟེང་གོ་གནས་མི་དམན་པ་བཟུང་མྱོང་བར་མ་ཟད། བོད་ཀྱི་ལོ་རྒྱུས་སྟེང་གི་རྒྱལ་རབས་རིང་ཤོས་སུ་གཏོགས་ཀྱང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལོ་རྒྱུས་དེབ་ཐེར་བྱིངས་སུ་ལ་དྭགས་དང་། གུ་གེ སྤུ་རང་། ཡ་ཙེ་རྣམས་ཀྱི་བྱུང་བ་དག་གཅིག་ཏུ་བསྡུས་ནས་མངའ་རིས་རྒྱལ་རྒྱུད་དམ་ཞང་ཞུང་རྒྱལ་རྒྱུད་ཅེས་རགས་ཙམ་ལས་རྒྱས་པར་བཀོད་པ་མི་འདུག་ལ། ལོ་རྒྱུས་སྨྲ་བ་དག་གིས་ཀྱང་བོད་སིལ་བུའི་དུས་སྐབས་ཀྱི་གནས་སྟངས་ལ་དཔྱད་ཞིབ་མཛད་པ་ཉུང་ཞིང་། ཁྱད་པར་དུ་གུ་གེ་ནི་མཐའི་རྒྱལ་ཕྲན་ཞིག་ཡིན་པས་བཏང་སྙོམས་སུ་བཞག་པར་མཐོང་། སྤྱིར་སྟོད་མངའ་རིས་སྐོར་གསུམ་གྱི་ལྗོངས་འདིར་ངོ་མཚར་ཆེ་བའི་ལོ་རྒྱུས་དང་། རྒྱལ་རབས། ཆོས་འབྱུང་། གནའ་རབས་ཀྱི་རིག་དངོས། དེ་བཞིན་གཏམ་རྒྱུད་སོགས་གསལ་བོར་འཁོད་པའི་ཡིག་ཆ་ཕུན་སུམ་ཚོགས་པ་ཞིག་སྔོན་དུས་ནས་ཡོད་ཀྱང་། སའི་ཐད་ནས་བོད་ཡུལ་སྤྱིའི་ནུབ་མཐར་ཆགས་ཤིང་རྒྱལ་ཁམས་གཞན་དང་ས་མཚམས་འབྲེལ་བའི་རྐྱེན་གྱིས་སྦལ་ཏིའི་དམག་འཁྲུག་དང་། གོར་ཥའི་དམག་འཁྲུག སིང་པའི་དམག་འཁྲུག ཁ་ཆེའི་བཙན་འཛུལ་དམག་འཁྲུག་བཅས་རིམ་པར་བྱུང་བའི་ནང་། གནའ་རབས་ཀྱི་མཁར་རྫོང་དང་། རིག་དངོས། ལོ་རྒྱུས་རྒྱུ་ཆ་བཅས་གྲངས་ལས་འདས་པ་ཞིག་འཕྲོག་བཅོམ་དང་། མེར་བསྲེགས་པ། གཏོར་བཤིག་བཅས་ཉམས་རྒུད་ཚབས་ཆེན་ཕོག་སྟེ་རྩ་སྟོངས་སུ་སོང་བའི་ལྷག་ལུས་ཁ་ཤས་ཤིག་ལས་མེད་པར་གྱུར། དེ་ལྟ་ནའང་། སྤྲོ་འོས་པ་ཞིག་ནི་འཛམ་གླིང་གི་རྒྱལ་ཁབ་གཞན་ནས་འོངས་པའི་ཞིབ་འཇུག་པ་རྣམས་ཀྱིས་གུ་གེའི་སའི་ཆགས་རིམ་དང་། གནམ་གཤིས། རྩི་ཤིང་། སྲོག་ཆགས། གཏེར་ཁ། གནའ་ཤུལ་སོགས་ཕྱོགས་ཡོངས་ནས་ཞིབ་འཇུག་མཛད་པའི་ཚ་རླབས་འཕྱུར་བར་མ་ཟད། གུ་གེའི་རིག་གནས་ཞེས་བོད་ཀྱི་རིག་གནས་ཁྲོད་དུ་རང་མཚན་པ་དང་། རང་སྐྱ་ཐུབ་པ་དང་ཐུན་མོང་མ་ཡིན་པའི་རྒྱུད་མ་ལག་ཅིག་ཚུགས་བཞིན་ཡོད་པ་རེད། དེ་ལ་ཁོ་བོས་ཀྱང་ཞིབ་འཇུག་གི་བྱ་གཞག་འདི་ལ་རྔོ་ཐོགས་ཕྱིར། གུ་གེ་རྒྱལ་རབས་ཚུགས་ཚུལ་དང་། འཕེལ་རྒྱས་བྱུང་ཚུལ། འཇིག་ཚུལ་རྣམས་རང་བློས་ལྕོགས་ཚོད་ཀྱིས་ཅུང་ཟད་སྤྲོ་བར་འདོད་དོ། །
དེབ་ཀྱི་དཀར་ཆག




རྩོམ་པ་པོ་ངོ་སྤྲོད།

གུར་མགོན་སྐྱབས། 1974ལོར་མདོ་སྨད་གཅན་ཚ་སྐྱ་རྒྱར་སྐྱེས། 1996ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་དངོས་གཞིའི་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས་གཅན་ཚ་རྫོང་དུ་སྲིད་འཛིན་གྱི་ལས་ཀར་ཞུགས། 2001ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཧྲོ་ཧྲིའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། 2004ལོར«གུ་གེ་རྒྱལ་རབས་དར་རྒུད་ཀྱི་ལོ་རྒྱུས»འབྲས་རྟགས་སུ་ཕུལ་ཏེ་བོད་ཀྱི་ལོ་རྒྱུས་ཧྲོ་ཧྲིའི་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས། 2005ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་ལས་གནས་སྤར། ལོ་འདི་དག་གི་རིང་སློབ་ཁྲིད་ཀྱི་ལས་འགན་ལྕི་མོའི་ཞོར་ལ་ལོ་རྒྱུས་དང་འབྲེལ་བའི་དཔྱད་རྩོམ་བཅུ་གྲངས་ཙམ་བྲིས་ཤིང་། དུས་རབས་ཉེར་གཅིག་པའི་བོད་ཀྱི་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ཀྱི་རྨང་གཞིའི་ཤེས་བྱར་དམིགས་ནས«བོད་ཀྱི་སྐད་ཡིག»ཅེས་པའི་སློབ་དེབ་རྩོམ་སྒྲིག་བྱས་པ་དང2008ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། གཞན་ཡང་ཐུན་མོང་རྩོམ་གཞུང་དང་བོད་ཀྱི་གནའ་དེང་རྩོམ་རིག་ཟུང་འབྲེལ་གྱིས«རྩོམ་རིག་གཞུང་ལུགས»ཞེས་པ་ལེགས་པར་གྲུབ་སྟེ2010ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། གཞན་ཡང«སྒེའུ་ཁུང་གམ་གྱི་ཐོ་ཐོ་མ» «གཏེར་ལམ་སྤུ་རྒྱལ་བང་སོ»གཉིས་དང་། འཛམ་གླིང་ལོ་རྒྱུས་དེབ་བརྒྱ་མའི་ཁྲོད་ནས«ཧྥ་རན་སིའི་གསར་བརྗེ་ཆེན་མོ»སོགས་དེབ་དྲུག་བོད་ཡིག་ཏུ་བསྒྱུར། 2022ལོརཁསྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་དང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་ཡིག»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཅིང་། སྔ་མའི་གུ་གེའི་ཞིབ་འཇུག་ལ་རྨང་བྱས་པའི་རྒྱལ་ཁབ་རིམ་པའི་ལས་གཞིའི་དཔྱད་འབྲས«གུ་གེ་རྒྱལ་རབས་དར་རྒུད་ཀྱི་ལོ་རྒྱུས་ཞིབ་འཇུག»ཅེས་པ་འདི་ཉིད་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་ཉེ་ལམ་པར་དུ་བསྐྲུན་པའོ། །
འབྲེལ་ཡོད་འོས་སྦྱོར།