logo

«གླིང་རྗེ་གེ་སར་རྒྱལ་བློན་གྱི་བརྒྱ་ཐང་འཛམ་གླིང་མིག་གི་དགའ་སྟོན»

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2023-07-27 ཀློག་གྲངས།:
       དེབ་འདི་ཉིད་ནི་བོད་ཀྱི་གླིང་སྒྲུང་པ་སྨིན་དབུས་པོས་བརྩམས་པའི«གླིང་དཔའ་ཆེན་བརྒྱད་ཅུའི་ངོ་སྤྲོད་དབང་དྲག་གློག་གི་ཞགས་པ»ཞེས་པའི་བརྗོད་བྱའི་མི་སྣ་གཙོ་བོར་བཟུང་ནས་བཟོ་བཞེངས་གནང་བའི་གླིང་རྗེ་གེ་སར་རྒྱལ་བློན་གྱི་བརྒྱ་ཐང་ཆེན་མོ་ཞིག་ཡིན་ཞིང་། འདི་ཉིད་སྤྱི་ལོ༢༠༡༡ལོ་ཡས་མས་ནས་གསར་དུ་སྐྱ་ཐིག་དབུ་བརྩམས་པ་དང་། འབྲི་སྟངས་ཀྱི་ཆ་ནས་བོད་རང་གི་སྲོལ་རྒྱུན་གྱི་སྲོག་ལ་འཚོ་བ་དངོས་མཐུན་མཛེས་སྤྲོས་ཀྱིས་ཁ་བསབས་ཏེ་བཟོ་བཞེངས་གནང་ཡོད་པར་མ་ཟད། མཛེས་དཔྱོད་དང་ཞིབ་ཆ་འདོན་སྟངས་སོགས་ནི། ལོ་རྒྱུས་སྟེང་སྔར་ཡོད་གླིང་གེ་སར་སྐོར་གྱི་རི་མོ་གང་གིས་ཀྱང་འགྲན་དུ་མེད་པའི་ཚད་མཐོའི་མཛེས་རྩལ་དང་། འབུར་ཐོན་གསོན་ཉམས། འཚོ་བ་དངོས་དང་ཁ་ཐག་ཉེ་བའི་ཁྱད་ཆོས་རྩལ་དུ་ཐོན་པར་བྱས་ཡོད།
       ཡིན་ན་ཡང་ཕྱོགས་ཡོང་ནས་བསམ་ན་བོད་ཀྱི་གཏམ་དཔེར། བོད་མི་རེའི་ཁ་ན་སྒྲུང་རེ། ཞེས་པ་ལྟར་གླིང་གེ་སར་རྒྱལ་བློན་གྱི་མཛད་པ་རྣམ་ཐར་ཁྲོད་ཀྱི་མི་རྟའི་ཉམས་འགྱུར་དང་། རྒྱན་ཆ་ལུགས་སོགས་ནི་མཐའ་གཅིག་ཏུ་མ་ངེས་ཤིང་། ཕྱི་ནང་གསང་བ་ཡང་གསང་གི་མཛད་ཚུལ་གྱི་རང་བཞིན་ཅན་ཡིན་ཕྱིར། ཧ་ཅང་དོག་ཆེ་བའི་སྒོ་ནས་དབྱེ་ཞིབ་བྱས་ན་ད་དུང་མ་འདང་ས་དང་མ་ཐོན་པའི་ཆ་ཡོད་ངེས་ལ། ལྷག་པར་བརྒྱ་ཐང་འདི་ཉིད་དབུ་བརྩམས་པའི་དུས་སྐབས་ནི། ལོ་ངོ་བཅུ་ཕྲག་འདས་པའི་སྔོན་ཏེ་ཉེ་ལམ་དང་བསྡུར་ན་གླིང་གེ་སར་རྒྱལ་བློན་གྱི་ཁྲབ་རྨོག་དང་ན་བཟའི་སྐོར་ལ་ཞིབ་འཇུག་གི་ཚ་རླབས་དེ་འདྲ་འཕྱུར་མེད་པའི་དུས་ཡིན་སྟབས། ད་དུང་དངོས་བྱུང་ལོ་རྒྱུས་ཁྲོད་ཀྱི་གླིང་གི་ཁྲབ་རྨོག་གི་རྣམ་པ་དང་། སྒྱུ་རྩལ་བའི་འཆར་ཡན་མཛེས་སྤྲོས་ཀྱི་བར་མུ་མཐུད་དུ་ཞིབ་འཇུག་དང་ལེགས་བཅོས་ཀྱི་ལམ་ཁ་ཇེ་ཡངས་སུ་གཏོང་རྒྱུ་ཡོད་པ། དཔེར་ན། རྒན་ལེགས་སྨོན་མཆོག་གིས་ཉེ་རབས་ཕྱག་བྲིས་གནང་བའི་གླིང་རྗེ་གེ་སར་རྒྱལ་པོ་མི་རྟའི་གཙོ་སྐུ་ལ། འཁོར་བཀའ་བློན་ཁྲ་གླག་སྤྱང་གསུམ་གཙོས་ཡང་བརྟུལ་དམ་པ་མི་བདུན་གྱིས་བསྐོར་བའི་ཞལ་ཐང་མཛེས་བརྗིད་ཀྱི་སྐད་གྲགས་མཐོ་བ་དེར་མཚོན་ན། ཁོང་རང་གི་མཛེས་སྤྱོད་དང་སྒྱུ་རྩལ་རི་མོའི་གཞི་རྩའི་སྟེང་ནས་དབུ་རྨོག་གི་སྒོ་རྒྱན་མཛེས་སྤྲོས་དང་། ཁྲབ་བྱང་གི་ཞིབ་ཆ་སོགས་ཕྱོགས་ཡོངས་ལ་སྔར་ལས་ཀྱང་ལྷག་པའི་ཞིབ་འཇུག་དང་ལེགས་བསྒྱུར་གྱི་ཁྱད་ཆོས་རྩལ་དུ་བཏོན་ཏེ། གླིང་གེ་སར་རི་མོའི་རིག་གནས་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སྔ་ན་མེད་པ་ཞིག་བསྐྲུན་ཡོད་པ་ལྟ་བུས་མཚོན། ཐེངས་འདིར་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བགྱིས་པའི«གླིང་རྗེ་གེ་སར་རྒྱལ་བློན་གྱི་བརྒྱ་ཐང་འཛམ་གླིང་མིག་གི་དགའ་སྟོན»ཞེས་པ་འདིས་འབྱུང་འགྱུར་གྱི་གླིང་གེ་སར་རི་མོའི་ཇུས་འགོད་ཆེད་ལས་པ་དང་། ལག་རྩལ་འབག་བཟོ་བ། མཛེས་རིས་སྒྱུ་རྩལ་པ་རྣམས་ལ་སྔར་ཡོད་གླིང་གེ་སར་རི་མོའི་རིག་ལམ་གྱི་གཞི་རྩའི་སྟེང་། མི་རིགས་ཁྱད་ཆོས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སྔར་ལས་ཀྱང་ལྷག་པའི་ལེགས་ཆ་སྒྲོན་ཐུབ་པའི་ལམ་སྟོན་སྣེ་ཁྲིད་བླ་ན་མེད་པའི་སྒོ་ཆེན་ཞིག་ཕྱེ་ཐུབ་པར་གདོན་མི་ཟ་སྙམ་མོ། །
རྩོམ་པ་པོ་ངོ་སྤྲོད།
       དགེ་བ་བཟང་པོ། 1976ལོར་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་དུ་གེ་སར་སྒྲུང་དར་སྤེལ་དང་རྒྱུན་འཛིན་བྱས་མྱོང་བའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས། ཁོང་ནི་གེ་སར་རྒྱལ་པོའི་རྣམ་ཐར་གྱི་ལོ་རྒྱུས་སྙན་ངག་ལ་དགའ་ཞེན་ཆེ་ཞིང་ཆུང་དུས་ནས་གེ་སར་རྒྱལ་པོའི་རིག་གནས་ལ་སྦྱོང་བ་བྱས་མྱོང་བར་མ་ཟད། དེའི་རྒྱུན་འཛིན་དང་སྲུང་སྐྱོབ་ཐད་ལ་མཛད་རྗེས་མང་པོ་བཞག་མྱོང་། ཕ་མ་དང་དགེ་རྒན་རྣམས་ཀྱི་བཀའ་སློབ་འོག་གེ་སར་རྒྱལ་པོའི་རྣམ་ཐར་རྟོགས་བརྗོད་དང་། སྟག་གཟིག་ནོར་རྫོང་། གྲུ་གུ་གོ་རྫོང་། ཧོར་གླིང་གཡུལ་འགྱེད། འཇང་གླིང་གཡུལ་འགྱེད། མོན་གླིང་གཡུལ་འགྱེད། སུམ་གླིང་གཡུལ་འགྱེད། མི་ནུབ་དར་རྫོང་། མངའ་རིས་གསེར་རྫོང་སོགས་གེ་སར་རིག་གནས་སྐོར་དང་། གཞན་གཞས་མ་གཏམ་གྱི་དམངས་ཁྲོད་རིག་གནས་གང་མང་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་སུ་མཆིས།
       ཁོང་གིས་འཛམ་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་རྒྱུད་འཛིན་དང་དར་སྤེལ་གྱི་བྱ་བཞག་གོང་འཕེལ་གཏོང་ཆེད། གླིང་དཀར་དཔའ་རྟུལ་བརྒྱད་ཅུའི་བརྒྱ་ཐང་ཆེན་མོ་ཞེས་པ་ཐུགས་བཀོད་གནང་ནས་མཐུན་རྐྱེན་སྦྱར་ལ། བརྒྱ་ཐང་ཆེན་མོ་འདི་འབྲི་བཞེངས་བྱེད་པར་སྒྱུ་རྩལ་གྱི་རིན་ཐང་དང་གཟི་བྱིན་དཔག་ཏུ་མེད་ཅིང་། སྔོན་བྱོན་ཡབ་མེས་དམ་པ་རྣམས་ཀྱི་སྲོལ་རྒྱུན་ཐང་གའི་འབྲི་ལུགས་ཇི་བཞིན་རྩི་ཤིང་གི་ཚོན་རྩི་དང་རང་བྱུང་གཏེར་རྡོ། བྱུ་རུ་དང་གཡུ་གསེར་སོགས་ཀྱི་རྒྱུ་ཆ་རྩ་ཆེན་བེད་སྤྱོད་གནང་ཡོད་དོ། །
 
       ལེགས་སྨོན། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་དང་། སི་ཁྲོན་ཞིང་ཆེན་གྱི་བཟོ་རིག་མཛེས་རྩལ་པ་ཡིན།  1970ལོར་དཀར་མཛེས་གསེར་རྟ་རུ་འཁྲུངས། ཆུང་དུས་ནས་ཨ་མྱེ་དང་ཨ་ཕའི་ཤུགས་རྐྱེན་འོག་འཚར་ལོངས་བྱུང་ཞིང་། ཕྱིས་ཁྱིམ་རྒྱུད་ཀྱི་བྲིས་རྒྱུན་དང་ཤེས་བྱའི་སློབ་ཁྲིད་ཙམ་ལ་ཡིད་མ་ཚིམ་པར་ལོ་ངོ་དུ་མར་ཐང་ག་དང་རི་མོའི་སྐོར་གྱི་སྦྱངས་པ་ལྷུར་ལེན་གནང་། ཁོང་གིས་ཐང་གའི་འབྲི་ལུགས་དང་ཐིག་རྩ་བྱང་ཆུབ་པར་མ་ཟད། བྲིས་ལུགས་གཞན་དང་རྒྱའི་སྲོལ་རྒྱུན་རི་མོའི་ཁྲོད་ཀྱི་རི་ཆུའི་རི་མོ་དང་སྲོག་ཆགས་ཀྱི་རིགས། མེ་ཏོག་སྣ་ཚོགས་བྲིས་ལུགས། དེ་མིན་ནུབ་ཕྱོགས་ཀྱི་དེང་རབས་མཛེས་རྩལ་གྱི་མི་སྣའི་གཟུགས་བརྙན་གྱི་ཁྱད་ཆོས་སོགས་བྱང་ཆུབ་པར་སྦྱངས་ཏེ། ལེགས་སྨོན་གྱི་བྲིས་ལུགས་ཞེས་པ་གསར་དུ་གཏོད།
       ད་ལྟའི་བར་རི་མོའི་སྐོར་གྱི་བརྩམས་ཆོས6000ལྷག་ཕྱག་བྲིས་གནང་ཞིང་། ལྷག་པར་དུ་གླིང་རྗེ་གེ་སར་རྒྱལ་པོ། པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་ཐང་། ལྷ་མོ་དབྱངས་ཅན་མ། ཐོན་མི་སམ་བྷོ་ཊ། ས་ཡི་སྙིང་པོ། རྗེ་ཙོང་ཁ་པའི་རྣམ་ཐར། གུ་རུའི་སྟོང་ཐང་སོགས་ཚབ་མཚོན་བརྩམས་ཆོས་མང་པོ་བཞུགས། སྔ་རྗེས་སུ་མི་ལ་རས་པའི་རྣམ་ཐར་དང་། རས་ཆུང་པ་རྡོ་རྗེ་གྲགས་པའི་རི་མོའི་རྣམ་ཐར་སོགས་ཀྱི་རི་མོའི་ཆེད་དེབ་དཔེ་སྐྲུན་བྱས།
འབྲེལ་ཡོད་འོས་སྦྱོར།