བློ་བཟང་སློབ་གྲྭའི་དེབ་གསར་འགྲེམ་བརྡ།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-08-04
ཀློག་གྲངས།:
ཉེ་ལམ། བློ་བཟང་ལས་རིགས་ལག་རྩལ་སློབ་གྲྭས་རྩིས་འཁོར་རིག་པའི་སྐོར་གྱི་དེབ་གསར་བདུན་སྒྲིག་སྒྱུར་བྱས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་འགྲེམ་སྤེལ་བྱས།

བློ་བཟང་སློབ་གྲྭས་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་སུ་གཏོང་བ་དང་དེའི་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། ལྷག་པར་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་དེབ་མཛོད་སྣ་མང་ཅན་དུ་གཏོང་ཆེད་དམ་ལས་རིགས་ལག་རྩལ་སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་བ་སོགས་མིག་སྔའི་གནས་ཚུལ་དང་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ། བྱ་བ་འདིའི་མགོ་མཇུག་ཀུན་ཏུ་དངུལ་འབོར་ཆེན་བཏང་ལ་མི་ལོ་བཞི་ལྷག་གི་དཀའ་སྤྱད་ལ་བརྟེན་ནས་ལས་རིགས་ལག་རྩལ་ལ་དགའ་ཞིང་དུངས་པའི་སློབ་མ་རྣམས་ཀྱི་སྐྱེས་སུ་ཆེད་དུ་དཔེ་ཚོགས་འདི་འདྲ་ཞིག་བསྒྲིགས་ཏེ་འགྲེམ་སྤེལ་བྱས་འདུག

དཔེ་ཚོགས་འདིའི་ནང་མཐོ་རིམ་ལས་རིགས་ལག་རྩལ་གྱི་བསླབ་ཚན་སྒྱུར་བཅོས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། སྤྱི་ཚོགས་རང་བཞིན་དང་ཉེར་སྤྱོད་རང་བཞིན། བཀོལ་སྤྱོད་རང་བཞིན་ལ་ཁ་ཕྱོགས་པ་དང་སྒྱུར་བྱའི་མ་ཡིག་འདེམ་སྒྲིག་ཞིབ་ཚགས་བྱས་པའི་རྨང་གཞིའི་ཐོག ཞིང་ཆེན་ནང་ཁུལ་གྱི་སྒྲིག་སྒྱུར་མི་སྣ་རྩ་འཛུགས་བྱས་ནས«རྩིས་འཁོར་ལྷུ་སྒྲིག་དང་སྲུང་སྐྱོང»དང་། «རྩིས་འཁོར་ཉེར་སྤྱོད་རྨང་གཞི» «Photoshop CCབརྙན་རིས་སྒྲིག་གཅོད་དང་ཇུས་འགོད» «Androidཉེར་སྤྱོད་བྱ་རིམ་གསར་སྤེལ» «སྨྱན་མང་གཟུགས་ལག་རྩལ་དང་ཉེར་སྤྱོད་ཀྱི་ཁྲིད་གཞི» «གློག་རྡུལ་ཚོང་དོན་གྱི་རྨང་གཞི་དང་ཉེར་སྤྱོད» «MySQLགཞི་གྲངས་མཛོད»བཅས་རྩིས་འཁོར་གྱི་རྨང་གཞིའི་དཔེ་ཚོགས་འདི་སྒྲིག་སྒྱུར་བྱས་ཤིང་། ད་ལོའི་ཟླ་བདུན་པར་ཚད་ལྡན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བརྒྱུད་ནས་དངོས་སུ་དཔར་སྐྲུན་འགྲེམ་སྤེལ་ལེགས་གྲུབ་བྱུང་ཡོད། སྒྲིག་སྒྱུར་བྱས་པའི་བརྒྱུད་རིམ་དུ་མ་ཡིག་ལ་བརྩི་འཇོག་དང་། བརྗོད་བདེ་ཞིང་གོ་སླ་བའི་རྩ་དོན་བརྩི་སྲུང་ལས་གཞན་མིང་བརྡ་གཅིག་གྱུར་དང་པར་སྒྲིག་གྲལ་དག་ཡོང་བར་བརྩོན་ལེན་གང་ལེགས་བྱས་ཡོད།

འབྲེལ་ཡོད་འོས་སྦྱོར།