logo

༄༅། །«སེར་ཤུལ་བྲག་རིས»

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2023-08-15 ཀློག་གྲངས།:
       «སེར་ཤུལ་བྲག་རིས»ཞེས་པའི་དེབ་འདིར་བརྗོད་བྱ་ཁག་གཉིས་ཡོད་ཅིང་། ཁག་དང་པོ་ནི་སྤྱི་ལོ2019ལོའི་སེར་ཤུལ་རྫོང་གི་བྲག་རིས་རྣམས་ཀྱི་བརྟག་དཔྱད་སྙན་ཞུ་ཡིན་པ་དང་། ཁག་གཉིས་པ་ནི་ལོ་དེར་སེར་ཤུལ་རྫོང་དུ་བསྡུས་པའི་མདོ་དབུས་མཐོ་སྒང་གི་བྲག་རིས་གླེང་སྟེགས་སྟེང་དུ་སྒྲོག་སྦྱང་བྱས་པའི་རིག་གཞུང་དཔྱད་རྩོམ་ཁག་ཡིན།
       ཁག་དང་པོར་སི་ཁྲོན་སློབ་ཆེན་དང་སེར་ཤུལ་རྫོང་གཉིས་མཉམ་འབྲེལ་གྱིས་རྫོང་ཡོངས་ཀྱི་བྲག་རིས་མི་འདྲ་བ་བཅུ་གསུམ་ལ་གནའ་དཔྱད་བརྟག་དཔྱད་བྱས་པའི་གྲུབ་འབྲས་ཁག་ཡིན་ལ། དེ་ཡང་གཙོ་བོ་ཤང་རོང་དང་། ཨ་རིག་རྫ། ཁྲོམ་བཟའ་གོང་མ། དབོན་པོ། ཁྲོམ་བཟའ་འགབ་མ། ཝ་ཤུལ་སོགས་ཡུལ་ཚོ་དང་གྲོང་བརྡལ་གྱི་བྲག་རིས་ཁག་མི་འདྲ་བ་བརྒྱད་འདུས་ཡོད། བྲག་རིས་འདི་དག་ཉག་ཆུའི་ཆུ་རྒྱུད་ཀྱི་འབྲོག་སར་ཡོད་པ་དང་། ས་བབ་སྤྱིའི་མཐོ་ཚད་རྨིད3920ནས4345བར་དང་། སྙོམ་བགོ་བྱས་པའི་མཐོ་ཚད་རྨིད4104ཡིན་པས། རིགས་དབྱེ་བྱས་ན་ས་མཐོའི་བྲག་རིས་ཤུལ་བཞག་གི་ཁོངས་རེད། འདིར་བྲག་རིས་བསྡོམས་པས332ཡོད་པ་ཚང་མ་རང་བྱུང་གི་བྲག་ངོས་སུ་བརྐོས་ཡོད་ལ། དེའི་ཁྲོད་དུ་ངོས་འཛིན་ཐུབ་པའི་གྲངས301དང་། རི་དྭགས་གི་རི་མོ་གྲངས238དང་། མིའི་གཟུགས་རིས་ཀྱི་གྲངས48དང་། དེ་བཞིན་མཆོད་རྟེན་དབྱིབས་གྲངས10 དེ་བཞིན་རྟག་མཚན་ལྟ་བུ་གྲངས5བཅས་འདུས་ཡོད། རི་དྭགས་རི་མོ་གཙོ་བོ་ཤ་ཕོ(གྲངས81)དང་གཡག(གྲངས་79)གཙོ་ཆེ་ལ། དེ་མིན་ར་ལུག་དང་རྒོད། ཁྱི། རྟ་དང་བོང་བུའི་རིགས་ཡིན་པ་དང་། དེ་བཞིན་སྟག་གཟིག་དང་སྤྱང་ཀི གཙོད་དང་སྦྲུལ་ཡང་ཡོད། བྲག་རིས་ཀྱི་ནང་དོན་དང་གནས་སྟངས་ལ་དབྱེ་ཞིབ་བྱས་ཚེ། སེར་ཤུལ་ས་ཆའི་བྲག་རིས་ནི་མདོ་དབུས་མཐོ་སྒང་སྤྱིའི་བྲག་རིའི་རི་མོ་དང་རིགས་འདྲ་ལ། སྒོ་ཟོག་གི་གྲུབ་སྟངས་ཐད་འབྲི་གཡག་གཙོ་བྱས། དེ་ནས་ར་ལུག་དང་རྟ། བོང་བུ། ཤ་བའི་རིགས་དང་། དེ་བཞིན་ཁྱི་དང་རྒོད་སོགས་ཀྱང་ཡོད། འབྲོག་ལས་སུ་རྟ་ལ་ཞོན་ནས་ཕྱུགས་འཚོ་བ་དང་རྔོན་བྱེད་དགོས་ལ། སྒོ་ཕྱུགས་ནི་འབྲི་དང་གཡག་སོགས་ཡིན། གཞན་རུ་སྤོར་བའམ་ཚོང་འགྲུལ་བྱ་དགོས་ཚེ་རྟ་ལ་ཞོན་པ་སོགས་དགོས་པས། རི་མོ་འདི་དག་གིས་འབྲོག་ལས་ཀྱི་འཚོ་བ་གལ་ཆེན་མཚོན་ཡོད། བྲག་རིས་ཕལ་ཆེ་བ་ལྕགས་རིགས་ཀྱིས་བརྐོས་བཟོ་བྱས་པ་ཡིན་ལ། དུས་རིམ་ལོ་ཚིགས་སྔ་ཕྱི་རིམ་པ་གཉིས་སུ་གཏོགས་ཤིང་། སྔ་མ་རྣམས་ནི་ཀྲན་གོ་ནུབ་མའི་སྐབས་ནས་ཧན་རྒྱལ་རབས་སྐབས་སམ་དེང་གི་བར་ལོ་ངོ2500ནས2000བར་འགོར་ཡོད། ཕྱི་མ་ནི་དུས་རབས་དགུ་པ་ནས་བཅུ་གཅིག་བར་རམ་ཡང་ན་དེའི་འཕྱི་ཙམ་དུ་གཏོགས་ལ། བོད་ཀྱི་བསྟན་པ་ཕྱི་དར་གྱི་དུས་མགོའི་བར་བཞག་ཆོག སྤྱིའི་ཆ་ནས་སེར་ཤུལ་གྱི་བྲག་རིས་དང་མདོ་དབུས་མཐོ་སྒང་གི་བྲག་རིས་སྤྱིའི་དུས་རིམ་གཉིས་འདྲ་ཞིང་། མདོ་དབུས་མཐོ་སྒང་གི་བྲག་རིས་ཀྱི་ཡན་ལག་གལ་ཆེ་ཤོས་ཤིག་ཆགས་ཡོད། དེ་བཞིན་དེབ་འདིར་སེར་ཤུལ་རྫོང་གི་ལྷོ་ཕྱོགས་རྫ་ཆུའི་རྒྱུད་ཀྱི་ནང་བའི་བྲག་བརྐོས་ཁག་གཉིས་དང་རྡོ་བརྐོས་མིག་མངས་ཀྱི་རི་མོ་ཁག་གསུམ་བསྡུས་ཡོད་ཅིང་། དེ་དག་ནི་ཉེ་རབས་སམ་དེང་རབས་ཀྱི་འབྲོག་པའི་ཤུལ་བཞག་ཏུ་གཏོགས།
       ཁག་གཉིས་པ་ནི་སྤྱི་ལོ2019ལོར་སེལ་ཤུལ་རྫོང་དུ་བསྡུས་པའི་མདོ་དབུས་མཐོ་སྒང་གི་བྲག་རིས་གླེང་སྟེགས་སྟེང་སྒྲོག་སྦྱང་བྱས་པའི་རྒྱལ་ཕྱི་ནང་གི་མཁས་པའི་རིག་གཞུང་དཔྱད་རྩོམ་ཁག་ཡིན། དེབ་འདིར་བྲག་རིས་ཞིབ་འཇུག་པ26གི་དཔྱད་རྩོམ22བསྡུས་ཡོད། དཔྱད་རྩོམ་ཁག་རིགས་བཞི་རུ་དགར་ཆོག་པ་དང་། རིགས་དང་པོ་ནི་མདོ་དབུས་མཐོ་སྒང་ཤར་ཕྱོགས་སུ་རྙེད་པའི་བྲག་རིས་མང་པོ་གསར་རྙེད་དང་བརྟག་དཔྱད། རིགས་གཉིས་པ་ནི་མདོ་དབུས་མཐོ་སྒང་གི་ནུབ་མཐའི་བྲག་རིས་ཞིབ་འཇུག རིགས་གསུམ་པ་ནི་བྲག་རིས་སྲུང་སྐྱོབ་དང་ཞིབ་འཇུག་ཐབས་ལམ་སྐོར། རིགས་བཞི་པ་ནི་རྒྱལ་ཕྱིའི་བྲག་རིས་དང་ཀྲུང་གོའི་རི་མོའི་བར་གྱི་འབྲེལ་ཟམ་སྐོར་རེད། དཔྱད་རྩོམ་འདི་དག་གིས་ཀྲུང་གོའི་བྲག་རིས་ཞིབ་འཇུག་པའི་དེང་གི་ཞིབ་འཇུག་གི་ཁ་ཕྱོགས་དང་འགྱུར་བ་སོགས་ཀྱང་མཚོན་ཐུབ་བོ། །
འབྲེལ་ཡོད་འོས་སྦྱོར།