logo

རང་རྒྱལ་གྱི«རྒྱ་བོད་སྐད་གཉིས་བཅའ་ཁྲིམས་ཚིག་མཛོད»ཐོག་མ་དེ་བཀྲམ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-08-24 ཀློག་གྲངས།:
       སྤྱི་ཚེས23ཉིན། ཀྲུང་གོ་མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལིན་ཀྲི་ནུང་གིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་གཉེར་བའི«རྒྱ་བོད་སྐད་གཉིས་བཅའ་ཁྲིམས་ཚིག་མཛོད»དཔེ་སྐྲུན་འགྲེམས་སྤེལ་དང་ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག «རྒྱ་བོད་སྐད་གཉིས་བཅའ་ཁྲིམས་ཚིག་མཛོད»ཀྱིས་རང་རྒྱལ་གྱི་བོད་རྒྱ་སྐད་ཡིག་གཉིས་ཤན་སྦྱར་གྱི་བཅའ་ཁྲིམས་ཚིག་མཛོད་རིགས་ཀྱི་སྟོང་ཆ་བསྐངས་ཡོད་ཅིང་། རྒྱ་བོད་བཅའ་ཁྲིམས་དང་རྒྱ་བོད་བཅའ་ཁྲིམས་ཀྱི་སྐད་གཉིས་སློབ་ཁྲིད། དེ་བཞིན་རྒྱ་བོད་བཅའ་ཁྲིམས་ཞིབ་འཇུག་དང་ཁྲིམས་འཛིན་གཏུག་བཤེར་བཅས་ཀྱི་དགོས་མཁོ་བསྐང་རྒྱུ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་གསུངས།
       ངོ་སྤྲོད་བྱས་པར་གཞིགས་ན། «རྒྱ་བོད་སྐད་གཉིས་བཅའ་ཁྲིམས་ཚིག་མཛོད»(གཤམ་དུ«ཚིག་མཛོད»ཅེས་བསྡུ་རྒྱུ)ནི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཏེ། སྐད་གཉིས་བཅའ་ཁྲིམས་རིག་གནས་དཔེ་སྐྲུན་ལས་གྲྭའི(གཤམ་དུ“སྐད་གཉིས་ལས་གྲྭ”ཞེས་བསྡུ་རྒྱུ)གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། ད་བར་ཐ་སྙད་མང་ཤོས་དང་ནང་དོན་ཆ་ཚང་ཤོས་སྡུད་པའི་རྒྱ་བོད་བཅའ་ཁྲིམས་ཀྱི་ཚིག་མཛོད་ཅིག་ཡིན་ཞིང་། ཀྲུང་གོ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ཡིག་སྒྱུར་ཅུས་ཀྱིས་དངོས་སུ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད།  གོ་དོན་ལོགས་གར་མེད་པ་དང་ཐ་སྙད་གཅིག་གྱུར་ཡིན་པའི་ཚད་མཐོའི་ཚད་ལྡན་རང་བཞིན་དང་དབང་གྲགས་རང་བཞིན་ལྡན་ཡོད། དེ་ཉིད་བདེ་བླག་ངང་དཔེ་སྐྲུན་བྱས་པའི་ཐོག་ནས“སྐད་གཉིས་ལས་གྲྭ”ཡོངས་སུ་མཇུག་འགྲིལ་བ་མཚོན་ཡོད།
       “སྐད་གཉིས་ལས་གྲྭ”དེ་སོག་སྐད་དང་། བོད་སྐད། ཡུ་གུར་སྐད་བཅས་གྲངས་ཉུང་མི་རིགས་ཆེན་པོ་གསུམ་གྱི་སྐད་ཡིག་དང་འབྲེལ་བ་ཡོད་པ་དང་། མཐའ་མའི་གྲུབ་འབྲས་རིགས་ཆེན་པོ་བཅུ་ཡི་ཐོན་རྫས་རིགས40ལ་ཁྱབ་ཡོད་པ་མ་ཟད། ཆེད་མངགས་གྲངས་འཛིན་མཉམ་འདྲེས་ཐོན་རྫས་རིགས་གསུམ་གསར་སྤེལ་བྱས་ཡོད་ཅིང་། དེའི་ནང་རྒྱ་བོད་སྐད་ཡིག་གཉིས་ཀྱི་བཅའ་ཁྲིམས་ཐ་སྙད་ཕན་ཚུན་ཡིག་སྒྱུར་མ་ལག་དང་། རྒྱ་བོད་སྐད་ཡིག་གཉིས་ཀྱི་གྲངས་འཛིན་དཔེ་མཛོད་ཁང་། ཀྲུང་གོའི་བཅའ་ཁྲིམས་ཉེར་སྤྱོད་གྲངས་འཛིན་དྲ་རྒྱའི་ཞབས་ཞུའི་ལས་སྟེགས་ཀྱི་སོག་ཡིག་པར་གཞི་བཅས་ཚུད་ཡོད་པ་རེད།
       ད་རེས་ཀྱི་འགྲེམས་སྤེལ་མཛད་སྒོ་སྤེལ་ཡུལ་མཚོ་སྔོན་ཞིང་ཆེན་ནི་མཚོ་བོད་ས་མཐོར་གནས་པ་དང་། མི་རིགས་མང་པོ་མཉམ་འདྲེས་དང་བོད་མི་རིགས་འདུས་སྡོད་ཁུལ་གཙོ་བོའི་གྲས་ཤིག་ཡིན། མཚོ་སྔོན་ཞིང་ཆེན་ཡོངས་སུ་འབྲིང་རིམ་མི་དམངས་ཁྲིམས་ཁང6དང་གཞི་རིམ་ཁྲིམས་ཁང33བོད་འབྲེལ་ས་ཁུལ་དུ་ཡོད་པ་དང་། དེ་དག་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་བསྡོམས་འབོར་གྱི69.6%ཟིན་ཞིང་། དུས་ཡུན་རིང་པོའི་ནང་བོད་འབྲེལ་ས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།
       མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི། ཡོན་ཀྲང་ཀྲང་ཙེ་ཅུན་གྱིས། ལོ་མང་རིང་། ང་ཚོས་སྐད་གཉིས་ཤེས་པའི་ཁྲིམས་དཔོན་གསོ་སྐྱོང་དང་གསོ་སྦྱོང་ཤུགས་ཆེན་བྱས་ཐོག རྒྱ་བོད་སྐད་ཡིག་གཉིས་ཀྱི་གཏུག་བཤེར་ལ་ཤུགས་སྣོན་དང་ཁྱབ་གདལ་བཏང་སྟེ«རྒྱ་བོད་སྐད་གཉིས་བཅའ་ཁྲིམས་ཚིག་མཛོད»དང«རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད»རྩོམ་སྒྱུར་ལས་དོན་སྒྲིག་འཛུགས་བྱས་པ་དེས་ཀྲུང་གོའི་འདྲི་གཅོད་ལས་ཁུངས་ཀྱི་རྒྱ་བོད་ཁྲིམས་ལུགས་རིག་པའི་ཚིག་མཛོད་ཆེ་གྲས་རྩོམ་སྒྱུར་བྱེད་པའི་སྔོན་དཔེ་བཏོད་ཡོད་ཅེས་གསུངས།
       བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་རྩོམ་སྒྱུར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་པ་སངས་ལྷ་སྒྲོན་གྱིས«ཚིག་མཛོད»དང་ལེན་མཁན་གྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། «ཚིག་མཛོད»དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་བོད་འབྲེལ་ས་ཁུལ་དང་ལྷག་པར་དུ་བོད་ལྗོངས་ཀྱི་འདྲི་གཅོད་ལས་སྒོ་སྔར་བས་ཚད་ལྡན་དུ་གཏོང་རྒྱུར་མཛུབ་ཁྲིད་དང་ལག་ལེན་གྱི་རྨང་གཞི་བཏིང་ཡོད། ང་ཚོས་བོད་སྐད་ཡིག་སློབ་སྦྱོང་དང་། ཁྱབ་གདལ་བེད་སྤྱོད། འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་། བོད་ལྗོངས་ཀྱི་ཁྲིམས་དཔོན་སྤྱི་ཡོངས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། ཁྲིམས་འཛིན་འདྲི་གཅོད་ཁྱབ་ཁོངས་སུ་བོད་ཡིག་ཐོག་ནས་བཅའ་ཁྲིམས་ཀྱི་ཡིག་རིགས་སྣ་ཚོགས་བཟོ་བ་དང་ཚད་ལྡན་དུ་གཏོང་རྒྱུ་ཡིན་ཞེས་གསུངས།
འབྲེལ་ཡོད་འོས་སྦྱོར།