logo

ཁྲིམས་འཛིན་གྱོད་དོན་མྱུལ་ཞིབ་སྐོར་གྱི་སྒྲུང་རིང«མདུད་པ»པར་བསྐྲུན་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2023-10-08 ཀློག་གྲངས།:
       ཉེ་སྔོན། མཚོ་སྔོན་ཉེན་རྟོག་དཔོན་སློབ་གླིང་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་དང་བདེ་སྐྱོང་དོ་དམ་ཆེད་ལས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་བསོད་ནམས་དར་རྒྱས་ལགས་ཀྱིས་བརྩམས་པའི་སྒྲུང་གཏམ་རིང་གྲས«མདུད་པ»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས། སྒྲུང་རིང«མདུད་པ»ཞེས་པ་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་གཙོ་བོར་རོགས་སྐྱོར་བྱ་བའི་རྣམ་གྲངས་ཤིག་ཡིན་ཞིང་། བོད་ཡིག་གིས་གསར་རྩོམ་བྱས་པའི་ཁྲིམས་འཛིན་གྱོད་དོན་མྱུལ་ཞིབ་སྐོར་གྱི་སྒྲུང་གཏམ་ཞིག་ཡིན།
       སྒྲུང་རིང«མདུད་པ»ཞེས་པའི་ནང་ཡུལ་ཤུལ་ས་ཡོམ་ཆེན་པོ་བྱུང་རྗེས་ཀྱི་ལོ4རིང་ལ་སྤྱི་ཚོགས་མི་སྡེ་ཡོངས་ནས་གནོད་རྗེས་བསྐྱར་བསྐྲུན་བྱ་བའི་དཀའ་སྡུག་གི་ལོ་ཟླ་རྒྱབ་ལྗོངས་སུ་བཀོད་ཅིང་། ཉིན་མཚན་ཀུན་དུ་སྤྱི་ཚོགས་བདེ་སྐྱོང་དང་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ཡོང་བར་ཧུར་བརྩོན་བྱ་བའི་སྤྱི་བདེ་ཉེན་རྟོག་པ་ཚོས་མི་འཇིགས་སྙིང་སྟོབས་ཆེན་པོས་མ་རུང་བྱ་ངན་སྤྱོད་ངན་ཚར་གཅོད་ཀྱིས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་མཐོང་ཟུར་ནས་ཕྱོགས་ཏེ། བཟང་ཕྱོགས་ཀྱི་མི་སྣ་ཉེས་དོན་ཉེན་རྟོག་རུ་ཆེན་དཔོན་བསམ་འགྲུབ་གཙོ་བྱས་ལས་ཀར་ཉམས་མྱོང་ཕུན་སུམ་ཚོགས་ཤིང་འགན་འཁྲི་དང་དུ་ལེན་པ། རྣམ་དཔྱོད་ཕུལ་དུ་ཕྱིན་པ། ཁྲིམས་ལྟར་ལས་སྒྲུབ་དང་འདྲ་མཉམ་དྲང་བཞག་གི་རྩ་དོན་རྒྱུན་འཁྱོངས་གང་ཐུབ་བྱེད་པའི་ཉེན་རྟོག་པའི་སྡེ་ཡིས་འདྲི་ཞིབ་རྩད་གཅོད་རབས་དང་རིམ་པ་བརྒྱུད་ནས་ངན་ཕྱོགས་ཀྱི་མི་སྣ་ན་གཞོན་ཁྲམ་པ་བཀྲ་རབ་དང་ནག་རུལ་སོགས་ཁ་མཐུན་དཔུང་སྒྲིག་གིས་ལམ་བཀག་དང་ནང་འཛུལ་གྱི་འཕྲོག་བཅོམ་གྱོད་གཞི་བཞི་ཙམ་བསྟུད་མར་བཟོས་པ་གཅིག་གཅིག་གཉིས་གཉིས་བྱས་ནས་མྱུལ་ཞིབ་མཐའ་གསལ་མཐིལ་མཐོང་དང་རྩད་གཅོད་དག་གསལ་ཟབ་གསུམ་མཛད་དེ་མཐའ་མར་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལ་སྦྱར་བའི་གོ་རིམ་བྲིས་ཡོད། དོགས་ཡོད་ཉེས་ཅན་ལ་འཇུ་ཁྲིད་དང་འབོད་འགུག སོ་ལྟ་དང་ངང་སྒུག འདྲི་རྟོག་དང་རྩད་ཞིབ། དཔང་ལེན་དང་བཙན་ཉར། བཀག་བསྐྱིལ་དང་འཛིན་བཟུང་། ཁག་ཁྱེར་བཀའ་སྒུག་དང་ཡུལ་དངོས་ངོས་འཛིན། ཉེས་དོན་གཏུག་བཤེར་སོགས་ཁྲིམས་ཀྱི་ལས་རིམ་འགྲོ་ལུགས་སྒྲུབ་སྟངས་དང་གནས་ལུགས་གྲུབ་སྟངས་བཅས་པ་རེ་རེ་གསལ་བོར་བསྟན་པ་དང་ཆབས་ཅིག འཕྲོག་བཅོམ་གྱོད་དོན་རེ་རེའི་བརྒྱུད་རིམ་སླར་ཡང་མངོན་པར་བསྟན་ནས་ཁྲིམས་འགལ་ལུགས་འགལ་གྱི་དོན་དངོས་གསལ་བོར་བཟོས། ཁག་འགན་གསལ་བོར་དབྱེ། རྒྱུ་མཚན་ཞིབ་ཏུ་བགྲངས་ཡོད། དེ་མཚུངས་ཉེན་རྟོག་པ་དང་རྐུན་ཇག་ཚོའི་ངག་གི་བརྗོད་པ་དང་སེམས་ཀྱི་འགྱུར་བ་ཞིབ་ཆར་བཀོད་པ་ལས་མཐོ་སྒང་གི་ཡུལ་གྲུ་དཔལ་འབར་གྲོང་ཁྱེར་ཞེས་པ་དེའི་ཁྲིམས་ལྟར་བཅོས་སྐྱོང་གི་གནས་བབ་ཇི་བཞིན་མཚོན་ཡོད། སྤྱི་བདེ་ལས་ཁུངས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སྐྱ་སེར་ཕོ་མོ་དང་མཐོ་མཆོག་དམའ་དམན་གྱི་དབྱེ་བས་མ་ཁྱབ་པར་ཁྲིམས་ཀྱི་མདུན་སར་འདྲ་མཉམ་རྩད་ཞིབ་ཐག་གཅོད་བྱ་བ་དང་། ཚུར་ལམ་བསྐྱལ་བཅོལ་དང་ཕར་ལམ་ར་མདའ་ཡི་རང་བཞིན་བཟུང་ནས་ཆོམ་རྐུན་ཇག་འཕྲོག་གི་ལས་དང་ཉེས་བྱས་སྡུག་གསོག་གི་བྱ་སྤྱོད་ཁྲིམས་ཀྱིས་འདོམས་ཤིང་འགྲིག་གིས་གཅུན་ཏེ། ཉེ་རིང་ཆགས་སྡང་བྲལ་བའི་གཞན་དོན་འཁུར་བཞེས་ཀྱི་རླབས་ཆེན་སྤྱོད་པར་བསྔགས་བརྗོད་བྱས་ཤིང་། ཉེས་ཅན་དག་ནི་སྲིད་ཁྲིམས་གཞུང་ལ་སྦྱངས་པའི་མྱོང་བ་མེད་པ་དང་རུང་མི་རུང་གི་བརྡར་ཤ་གཅོད་པའི་གོ་ཤེས་དམན་པས་ཁྲིམས་མ་ཤེས་པའི་གོ་འཛོལ་ལམ་ནོར་བྱུང་ནས་ཁྲིམས་ལ་ཚུད་དེ་མཐའ་མར་འགྱོད་གདུང་ཕངས་སེམས་ཆེ་བ་བསྟན་ཡོད་ལ། མ་རུང་བྱས་ཉེས་ཀྱི་མདུད་པ་ཁྲིམས་ཀྱིས་འགྲོལ་དགོས་ཤིང་། འཆམ་མཐུན་ཞི་གནས་ཀྱི་མདུད་པ་ཁྲིམས་ཀྱིས་བཅིངས་དགོས་པ་ཤུགས་སུ་བསྟན་ཡོད།
       གཏམ་རྒྱུད་ཚན་པ27ལ་དབྱེ་བའི་ནང་དུ་བཀྲ་རབ་དང་ནག་རུལ། དཔལ་བཟང་། ཕུན་ཚོགས་སོགས་ཕོ་གཞོན་འགའ་ཁེ་འདོད་གྲགས་པར་བློ་འཁོར་ཞིང་། ཁ་མཐུན་དཔུང་སྒྲིལ་ངང་སྙིང་ཆེ་ཧམ་ལས་ཀྱིས་ལམ་བཀག་འཕྲོག་བཅོམ་དང་ནང་འཛུལ་འཕྲོག་བཅོམ་སོགས་སྨྱོ་ཧམ་ཆེན་པོའི་བཙན་དྲག་གི་བྱ་སྤྱོད་མུ་རུ་སྤེལ་ནས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་སྤྱི་བའི་སྒྲིག་ལུགས་ལ་གཏོར་བཤུག་བཏང་སྟེ་གནས་དུས་ཁམས་གསུམ་དུ་ཤུགས་རྐྱེན་ངན་པ་བཟོས་སོང་བར། སྤྱི་བདེ་ལས་ཁུངས་ཀྱིས་དུས་ལྟར་གྱོད་ཐོ་འགོད་ཀྱིས་མྱུལ་ཞིབ་བྱེད་མགོ་ཚུགས་པ་དང་མང་སྣ་མཉམ་རུབ་དང་ཐབས་ཤེས་ཟུང་འབྲེལ་སྒོས་རྩད་སྣེ་གལ་ཆེན་ཟིན་ཏེ་དོགས་ཡོད་ཉེས་ཅན་རེ་རེ་ངེས་བཟུང་འཇུ་ཁྲིད་ཀྱིས་འདྲི་རྟོག་རྩད་གཅོད་བྱས་པ་དང་། ཉེས་བསགས་ཀྱི་དོན་དངོས་གསལ་བོ་ཡིན་པ་དང་དཔང་རྟགས་ཡང་དག་ཁུངས་བཙན་འགོད་པའི་སྒོ་ནས་གྱོད་དོན་རེ་རེ་རྩད་ཐག་ཕུ་ཐག་བཅད་པར་མ་ཟད། གནོད་འཚེ་ཐེབས་ཡུལ་ཚོའི་ཤ་ཤོར་ཤ་ལན་དང་རྒྱུ་ཤོར་ར་མདའ་རྒྱུག་ནས་དུས་ཐོག་ཏུ་ཚུལ་མིན་ཁྲིམས་འགལ་བྱ་སྤྱོད་འགོག་སྡོམ་གྱིས་ཁྲིམས་ཀྱི་རྔམ་ཟིལ་ཆེ་བར་བཏེགས། དེ་ནས་གྱོད་དོན་མི་དམངས་ཞིབ་དཔྱོད་ཁང་ལ་སྤྲད་ཅིང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ལྟ་རྟོག་རིམ་པར་གྲུབ་རྗེས་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས། མི་དམངས་ཁྲིམས་ཁང་གིས་ཁྲིམས་ས་འཚོགས་ནས་རྩོད་སྒྲུབ་བཤེར་སྦྱང་གིས་ཞིབ་པ་དང་དཔྱད་བསྡུར་ཞིབ་གསུམ་གྱིས་ཞིབ་གཅོད་གནང་སྟེ་མཐར་ཉེས་དོན་དཔྱད་མཚམས་བཅད་པའི་གོ་རིམ་ཆ་ཚང་བྲིས་ཡོད། གཞོན་སྐྱེས་ཚོས་བཅའ་ཁྲིམས་ཀྱི་རྔམ་བརྗིད་ཆེ་འདེགས་ལ་སྣང་ཆུང་དང་སྤྱི་བའི་ཡ་རབས་སྲོལ་བཟང་ལ་གཏོར་བཤིག་བཏང་། བརྣབ་སེམས་ཆེན་པོས་རྐུ་འཕྲོག་བཅོམ་གསུམ་གྱི་ཉེས་སྡིག་བསགས་ནས་ཁྲིམས་ལ་ཚུད། ལང་ཚོའི་བཟང་སྒང་ལ་མི་ལུས་རང་དབང་ཤོར། མི་ཚེའི་མདུན་ལམ་བརླགས་པའི་སྐྱོ་གར་སྡུག་ཆག་ཆེ་བར་བརྗོད་ཡོད་ལ། ཉེས་དོན་ཁྲིམས་འགན་འཁུར་བའི་གོ་རིམ་ཁྲོད་དུ་དོགས་ཡོད་ཉེས་ཅན་ཚོས་རང་གི་ནོར་འཁྲུལ་ངེས་ཟིན་ཏེ་སོ་སོས་སྔོན་བྱས་ཀྱི་བྱ་ངན་སྤྱོད་ངན་ལ་ནོངས་འགྱོད་མཐིལ་དག་པར་སྐྱེས་པ་དང་། གནོད་འཚེ་ཐེབས་ཡུལ་ཚོ་ལ་ཞེ་ཐག་པ་ནས་འགྱོད་ཚངས་ལེགས་པར་ཞུ་བ་དང་གུ་ཡངས་དགོངས་དྭངས་ཞུས་ཤིང་། ཉེས་དོན་ཁྲིམས་ཆད་འཁུར་ཞིང་སློབ་གསོ་བློ་འགུག་གི་ལམ་དུ་ཉེས་སྤང་དགེ་སྒྲུབ་ལ་འབད་དེ་ཁྲིམས་ཆད་ལོངས་ནས་གློད་འགྲོལ་འཐོབ་པར་ཧུར་བརྩོན་བྱ་བ་དང་རྒྱུན་ཆགས་ཀྱི་སྤྱི་ཚོགས་འཚོ་བའི་ནང་དུ་ལོག་ཐུབ་པར་རེ་སྨོན་གྱིས་ཁེངས་པའི་གཏམ་རྒྱུད་བྲིས་ཡོད།
       ཁྲིམས་བསྟར་ཁྲིམས་འཛིན་གྱི་བྱེད་སྒོ་བྲིས་པ་ཕྱི་རོལ་ཡུལ་གྱི་དོན་དངོས་གཞིར་བཟུང་བ་དང་དངོས་ཡོད་ཀྱི་གནས་ཚུལ་ཇི་བཞིན་འབྲི་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད་པས་བདེན་པ་བདེན་ཐུབ་དང་ཚད་མཐུན་ཚད་ལྡན་ཡིན་ལ། ཁྲིམས་ལྟར་བཅོས་སྐྱོང་དང་ཁྲིམས་བསྟར་དྲང་གཞག ཞི་དྲག་གཉིས་མཁས་དང་དམངས་ལ་ཞབས་ཞུ་བྱ་བའི་རུ་ཆེན་དཔོན་བསམ་འགྲུབ་ལྟ་བུ་མི་མང་གི་བློ་གཏོད་ས་དང་ཁ་ཉན་སར་གྱུར་ཡོད་པའི་ཁྲིམས་བསྟར་ཁྲིམས་འཛིན་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་པ་བརྒྱུད། ཁོ་ཚོས་ཉེ་རིང་ཆགས་སྡང་བྲལ་ཞིང་དཀའ་བ་ཁྱད་དུ་བསད་དེ་སྤྱི་ཚོགས་བདེ་སྐྱོང་ལམ་ལུགས་སྲུང་འཛིན་གྱིས་མི་དམངས་ཀྱི་རྒྱུ་ནོར་ཚེ་སྲོག་ལ་སྲུང་སྐྱོབ་བྱ་བ། ལེགས་སྤེལ་ཉེས་འགོག་གིས་ཕྱོགས་གཅིག་གི་བདེ་འཇགས་ཁག་ཐེག་བྱ་བའི་བསམ་སྦྱོར་བླ་མེད་ལ་རྗེས་སུ་ཡི་རང་བྱ་བ་དང་། བོད་ཁུལ་གྱི་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་འབད་འབད་དུང་དུང་བྱ་བ་དང་། ལས་འགན་དམ་སྲུང་དང་བློ་བརྟན་འགྱུར་མེད་ཀྱི་ལས་རིགས་སྤྱོད་ལམ་བཟང་པོར་བསྟོད་བསྔགས་བྱས་ཡོད།
      བརྩམས་ཆོས་ལ་ཡུལ་ཁམས་ཀྱི་ཁྱད་ཆོས་དང་ལས་རིགས་ཀྱི་ཁྱད་ཆོས་མངོན་པར་དོད། བརྗོད་དོན་མངོན་པར་གསལ་བ་དང་ནང་དོན་དཔེ་གསར་ཆེ་བ། རྣམ་པ་གསོན་ཉམས་དོད་པ་དང་མཚོན་ཐབས་སྣ་མང་གཅིག་འདུས་བཅས་ཀྱི་ཁྱད་ཆོས་དུ་མའི་སྒོ་ནས་རང་རྒྱལ་གྱི་ཉེས་དོན་གྱོད་གཞི་ལས་སྒྲུབ་ཀྱི་བྱ་རིམ་མགོ་མཇུག་གསལ་བོར་བསྟན་ཏེ་ཁྲིམས་ལ་རྨོངས་པ་ཚོར་ཁྲིམས་ལུགས་སློབ་གསོ་ཉན་སྐུལ་གྱི་ལག་ཆ་གོ་ནུས་ཅན་ཞིག་ཏུ་སྦྱར་ཡོད། གྱོད་དོན་མྱུལ་ཞིབ་རྩད་གཅོད་བྱ་བ་དང་དོགས་ཡོད་ཉེས་ཅན་ཁྲིམས་ལ་སྦྱོར་བ། ཁྲིམས་རའི་བཤེར་སྦྱང་གི་གནས་ཚུལ་བྲིས་པ་སོགས་ནང་དོན་གཟབ་བརྟན་ཆེ་ཞིང་ཞིབ་ཚགས་ལྡན་ལ། རྗོད་བྱེད་ཚིག་གི་སྦྱོར་བ་ལེགས་ཤིང་སྨྲར་དག་པ་དང་མཚམས་མཚམས་སུ་དཔེ་ཆོས་ལེགས་བཤད་འོས་འཚམ་སྦྱར་ནས་ཀློག་བདེ་ཞིང་སྤྲོ་བ་འཕེལ་བར་བྱས་ཡོད། རྩོམ་སྟངས་ཐད་སྒྲུང་གཏམ་རྩོམ་རིག་གི་དུས་ཀྱི་སྔ་ཕྱི་རིམ་པར་བརྗོད་པ་གཙོར་བྱས་སྐབས་ལ་ལར་གོ་རིམ་ལྡོག་སྟེ་བརྗོད་པ་དང་བར་བཅུག་གི་བརྗོད་པའི་ཐབས་གང་དགར་སྤྱད་ཅིང་། དོན་གྱི་བྱུང་རིམ་སྔ་ཕྱི་འབྲེལ་ཆགས་པ་དང་དོན་སྣ་མང་ཡང་ཁ་མ་འཐོར་བ་དང་འཕྲོས་རྒྱ་ཆེ་ཡང་གྲིམ་མ་ལྷོད་པར་རྒྱས་བསྡུས་འཚམ་པོ་ཡིན། སྒྱུ་རྩལ་མཚོན་ཐབས་ཐད་ཞིབ་བརྗོད་དང་གསལ་བཤད། ཕྱིར་དྲན་དང་བསྡུས་བརྗོད་ཀྱི་མཚོན་ཐབས་སོགས་གང་འཚམ་དུ་སྤྱད་ནས་བོད་ཁུལ་གྱི་གྱོད་དོན་ཞིབ་གཅོད་ཀྱི་གཏམ་རྒྱུད་རང་རྒྱལ་གྱི་ཉེས་དོན་བཅའ་ཁྲིམས་ཀྱི་ནང་དོན་དང་ཁྲིམས་བསྟར་ཁྲིམས་འཛིན་གྱི་སྒྲིག་སྲོལ་ལ་སྦྱར་ནས་བརྗོད་ཡོད་པས། ཀློག་མཁན་ལ་གཏམ་རྒྱུད་ལ་ཉན་པའི་ཁྲོད་དུ་ཁྲིམས་ལུགས་སློབ་སྦྱོང་བྱེད་ཐུབ་པ་དང་གྱོད་དཔེ་དབྱེ་ཞིབ་ལ་བརྟེན་ནས་གོ་བ་གཏིང་ཟབ་ཏུ་ལེན་ཐུབ་པ། གནས་ལུགས་ཞིབ་བརྗོད་ལ་བརྟེན་ནས་གོ་སྐོན་བློ་འགུག་ཐུབ་པ། ཁྲིམས་འཛིན་ལག་ལེན་གྱི་བྱེད་སྒོར་བྱེད་ལུགས་བྱེད་ཐབས་སྟོན་ཐུབ་པའི་ཁྱད་ཆོས་དུ་མ་འཛོམས་པ་ན་རང་བཞིན་དུ་བཅའ་ཁྲིམས་དྲིལ་བསྒྲགས་དང་སློབ་གསོའི་དམིགས་ཡུལ་འགྲུབ་པར་འགྱུར། དེ་དང་ཆབས་ཅིག་མི་རྣམས་ལ་སྤྱི་བའི་སྲོལ་ལུགས་བཟང་པོར་ཕྱོགས་ཏེ་མ་རབས་ལས་ལ་དགག་བཞག་སུན་འབྱིན་བྱ་བ་དང་། དུས་ཀུན་དུ་ཚུལ་བཞིན་སྤྱོད་པའི་བདེ་འཇགས་ལ་གནས་ཏེ་སྤྱོད་བཟང་དར་སྤེལ་གཏོང་བའི་སྤྱི་ཁྱབ་ཀྱི་རིན་ཐང་ལྟ་གྲུབ་མགོ་མཇུག་ཡོངས་སུ་ཁྱབ་པར་བྱས་ཡོད།
       དེང་སྐབས“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་སྤེལ་གྱི་གནད་འགག་གི་དུས་སུ་འཁེལ་ཡོད་ཅིང་། སྤྱི་ཚོགས་མི་སྡེ་ཡོངས་ནས་ཁྲིམས་སྐྱོང་སློབ་གསོའི་བྱ་གཞག་གོང་སྤེལ་ལ་བརྩོན་བཞིན་མཆིས། སྒྲུང་གཏམ་འདི་དུས་རབས་གསར་པའི་བོད་ཁུལ་གྱི་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་གྱི་དགོས་མཁོར་རྐང་ཚུགས་ཤིང་དམངས་འཚོའི་དོན་དངོས་གནས་ཚུལ་གཞིར་བྱས་ནས་བྲིས་པ་ཡིན་པས་གསར་རྩོམ་གྱི་དམིགས་ཡུལ་དང་བརྗོད་བྱའི་དོན་སྙིང་། སྙེག་པའི་རིན་ཐང་དང་ཐེར་བཏོན་པའི་གནད་དོན་སོགས་ཀྱང་དེང་གི་བོད་ཁུལ་གྱི་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་གྱི་གནས་བབ་དང་དངོས་ཡོད་དགོས་མཁོར་མཐུན་པོ་ཡིན། དུས་སྐབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་བཟང་བརྒྱུད་སྒྲོག་བྱ་བ་དང་འཆམ་མཐུན་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་ཡར་ཐོན་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག མང་སེམས་གཅིག་མཐུན་སྒོས་སྲོལ་བཟང་དར་ཁྱབ་གཏོང་བའི་ཁྲིམས་སྐྱོང་གི་ཁམས་ལེགས་པོ་བསྐྲུན་པ་དང་བགྲོད་ལམ་གསར་བར་ཧུར་གྱིས་བསྐྱོད་དེ་དུས་རབས་གསར་བར་བྱས་རྗེས་འཇོག་པའི་རྒྱུ་བཟང་འདུ་བར་བྱས་ཡོད་ཕྱིར། བཅའ་ཁྲིམས་ཁྱབ་སྤེལ་སློབ་གསོ་དང་ཁྲིམས་ལྟར་བཅོས་སྐྱོང་ཕན་ཚུན་མཐུན་སྦྱོར་ཐད་གོ་ནུས་མི་དམན་པ་ཞིག་ཡོད། དེབ་འདི་བདེ་ལེགས་ངང་པར་སྐྲུན་འགྲེམ་སྤེལ་བྱས་པ་ནི“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་སྤེལ་བྱ་གཞག་ལ་ཕུལ་བའི་ལེགས་སྐྱེས་ཤིག་དང་ཁྲིམས་སྐྱོང་སློབ་གསོ་ཉམས་ལེན་གྱི་གྲུབ་འབྲས་གསར་བ་ཞིག་ཡིན་ཏེ། བོད་ཁུལ་གྱི་བཅའ་ཁྲིམས་ཁྱབ་སྤེལ་བྱ་གཞག་ལ་གསོན་ཤུགས་གསར་བ་སྣོན་པ་དང་གཟི་འོད་འབར་བའི་རྒྱུ་བཟང་དུ་འཛིན་རིགས་པར་མ་ཟད། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལམ་བུ་རྒྱ་བསྐྱེད་པའི་འཚོལ་ཞིབ་གསར་བ་དང་ཉམས་ལེན་གྱི་གྲུབ་འབྲས་གསར་བ་ཞིག་ཡིན་ལ། བློ་ལྡན་ཡིད་ཀྱི་དང་བ་འདྲེན་པའི་རྩོམ་རིག་གི་ལོངས་སྤྱོད་གསར་བ་དང་དུས་ཀྱི་སོན་བཟང་སྐྱོང་བའི་ངག་རིག་སྒྱུ་རྩལ་གྱི་ཉམས་སྣང་གསར་བ་ཞིག་ཀྱང་ཡིན། །
རྩོམ་པ་པོ་ངོ་སྤྲོད།
       བསོད་ནམས་དར་རྒྱས་ནི། 1982ལོར་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད་ཀྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་ཞིང་ཆེན་སྤྱི་བདེ་རྩོམ་རིག་ལྷན་ཚོགས་ཀྱི་ཚོགས་མི་ཡིན། 2008ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། ད་ལྟ་མཚོ་སྔོན་ཉེན་རྟོག་དཔོན་སློབ་གླིང་དུ་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་དང་བདེ་སྐྱོང་དོ་དམ་ཆེད་ལས་སློབ་ཁྲིད་ཀྱི་ལས་ཀ་གཉེར་བཞིན་ཡོད་ལ། རྩོམ་རིག་བརྩམས་ཆོས་དང་དཔྱད་རྩོམ་མང་པོ་དུས་དེབ་གཙོ་གྲས་སུ་སྤེལ་ཞིང་། སློབ་གྲྭ་དེའི་དགེ་རྒན་ཆེན་མོ་གཞོན་པ་དང་སློབ་སྟོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར་ཡོད། །
འབྲེལ་ཡོད་འོས་སྦྱོར།