logo

སྙན་དེབ«གོས་ཆེན་འབྲུག་མ»པར་དུ་བསྐྲུན་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-12 ཀློག་གྲངས།:
       ཉེ་ཆར། དུས་རབས་གསར་པའི་ནག་ཆུའི་རྩོམ་རིག་སྒྱུ་རྩལ་གྱི་སྤུས་དག་དཔེ་ཚོགས་ལས་རྩོམ་པ་པོ་རོང་པོ་རང་འཚོལ་ལགས་ཀྱི«གོས་ཆེན་འབྲུག་མ»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས།
       སྙན་དེབ«གོས་ཆེན་འབྲུག་མ»ནི། རྩོམ་མཁན་གང་ཉིད་ཀྱིས་ལོ་ངོ་བརྒྱད་ཙམ་རིང་འབད་པ་བྱས་པའི་ཚིགས་བཅད་སྙན་ངག་དག་ལས་ལེགས་བཏུས་བྱས་ཏེ་ཕྱོགས་གཅིག་ཏུ་བསྡེབས་པ་ཞིག་ཡིན་ལ། ཐེངས་འདིར་ནག་ཆུའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི༢༠༢༣ལོའི“དུས་རབས་གསར་པའི་ནག་ཆུའི་རྩོམ་རིག་སྒྱུ་རྩལ་སྤུད་དག་དཔེ་ཚོགས”ཀྱི་གྲལ་དུ་ཚུད་ཅིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ལེགས་གྲུབ་བྱུང་བ་ཞིག་རེད།

མཇུག་བྱང་།

       ཉིས་སྟོང་བཅུ་གསུམ་ལོའི་དབྱར་དུས་ཤིག་ལ་ང་རྡོ་གཅལ་ར་བ་ཞིག་ཏུ་བསྡད་ནས་བསམ་བློ་བཏང་བཏང་བའི་མཐར་རང་ལ་རྣམ་པར་རྟོག་པའི་མེ་སོན་ཆུང་ཆུང་ཞིག་རྙེད། དེ་ནི་དུས་ཚོད་ཚད་གཞིར་བཅད་དེ་རྩོམ་འབྲིའི་བྱ་བར་ཞུགས་རྒྱུ་དེའོ། །
       དེ་ལྟར་ངས་སྐབས་རེར་བདུན་ཕྲག་རེར་རྩོམ་དུ་བྱར་རུང་མིན་ཇི་ལྟར་ནའང་ཁ་བྱང་གང་བྱུང་དུ་བཏགས་ཏེ་ཡི་གེའི་ཕུང་པོ་སྣ་ཚོགས་བསྐྲུན་ནས་དེ་དག་ཕྱོགས་གཅིག་ཏུ་སྤུངས་ཏེ་དེབ་གཟུགས་ཤིག་བྱས། ད་ལྟ་དེབ་གཟུགས་དེའི་ཁ་བྱང་སྨྲ་དགོས་ནའང་ཞེ་འཚེར་བ་ཞིག་རེད།
       དེ་ནས་ཉིས་སྟོང་བཅོ་ལྔ་ལོར་བསླར་ཡང་རང་གིས་བྱུང་རྒྱལ་དུ་བྲིས་བྲིས་པའི་ཡིག་འབྲུའི་ཕུང་པོ་དག་ཕྱོགས་གཅིག་ཏུ་བཏུས་ནས«གཤིས་ཀྱི་དབྱངས་རྟ»ཞེས་པའི་དེབ་གཟུགས་ཤིག་བཏོན། དེའང་ད་ལྟར་བལྟས་ན་མིག་ཚེགས་པ་ཞིག་སྟེ། དེ་དུས་རང་ལ་ཡི་གེའི་ཐོབ་ཐང་ཙམ་ཡང་མི་ཤེས་བཞིན་ཧམ་པ་གཡག་རོ་འདྲ་བ་དེ་འདྲ་ཇི་ལྟར་བྱུང་བ་ཡིན་ནམ་སྙམ།
       འདི་ལོ་ནི་ཉིས་སྟོང་ཉེར་གསུམ་སྟེ། ངའི་ཐོག་མའི་ཡི་གེ་འབྲི་བའི་ལས་སུ་ཞུགས་པ་ནས་ད་བར་ལོ་ཡི་འཁོར་མོ་བཅུ་ཏག་ཏག་ཟིན། ཡང་རྒྱུ་རྐྱེན་རྟེན་འབྲེལ་གང་ཞིག་གིས་ངའི་ཡིག་འབྲུའི་ཕོན་པོ་འགའ་ཞིག་བཏུས་ནས«གོས་ཆེན་འབྲུག་མ»ཞེས་པའི་དེབ་ཆུང་གཅིག་སྒོར་འབུད་རྒྱུ་ཁེལ། འདིའང་ཡང་སྙིང་ཅི་ཞིག་ཡིན་ནམ།
གཅིག
       མི་ཞིག་གིས་གཞན་གྱིས་འབོད་སྐུལ་ཅི་ཡང་མེད་པར་བྱ་བ་ཞིག་ལོ་ངོ་བཅུ་ཙམ་ལ་རྒྱུན་བསྐྱངས་ན། དེས་གྲུབ་འབྲས་ཆེན་པོ་ཞིག་ལེན་ངེས་ཟེར་ནས་ཕ་རོལ་པོས་བདེན་པའི་མགོ་བོ་ལྕོག་ལྕོག་བྱ་སྲིད་ཀྱང་། དང་ནས་གཤོག་རྩལ་མེད་པའི་བྱིའུ་ཆུང་ཞིག་ཇི་ཙམ་འཕུར་ཡང་རང་ཉིད་འཁོར་སའི་ནགས་ཚལ་ཆུང་ཆུང་དེ་ལས་བརྒལ་མི་ཐུབ་པ་འདྲ།
       ཡ་མཚན་པ་ཞིག་ལ། ད་ལྟ་གསར་བུ་སྐོར་ཞིག་གིས་ངས་ཉིན་ལམ་ཟླ་ལམ་དེད་དེ་རྩོམ་ལ་འཐམས་ཀྱང་རྩོམ་ཡག་པོ་ཞིག་འཁྱོང་གི་མི་འདུག སྙན་ངག་ལེགས་པོ་ཞིག་འཁྱོང་གི་མི་འདུག གང་དྲག ཅི་དྲག་སོགས་ཀྱི་སྐྱོ་ཡུས་གླེང་ཡོང་། དེ་ལྟར་ན་ཕྲན་ལྟ་བུ་ལང་ཚོའི་དུས་ཚོད་ཀྱི་དཀྱོག་མཚམས་ཧྲིལ་པོ་ཞིག་བརྩེ་དུང་གི་སྒྲོག་ཏུ་མ་བཅུག འབྱོར་བའི་རྗེས་སུ་མ་འབྲངས། ལྟ་སོ་གཏད་སོ་ཅི་ཡང་མེད་པར་ཡིག་ནག་ཁོ་ནར་འཐམས་བཞག་པ་ལ་སྨྱོན་པ་ཟེར་དགོས་སམ།
       གང་ལྟར་ཕྲན་ནི་བྱིས་གཤིས་ལྷད་མེད་ཅིག་གིས་ད་དུང་ཡང་རང་གི་སེམས་ཀྱི་འཕར་ལྡང་དག་ཡི་གེའི་རིས་སུ་འབེབ་པ་ལ་དགའ་ཕྱོགས་ཤིག་གིས་ཡང་ཡང་བསྒུལ་ཡོང་བས། འདིས་སྐྱིད་སྡུག་ལེགས་ཉེས་ཅི་ཞིག་བྱུང་ཡང་སྡིག་པ་མིག་བཙུམ་བྱ་རྒྱུ་ལས་འོས་མེད་པ་འདྲ།
གཉིས།
       ད་ཐེངས་ཕྲན་གྱི་དེབ་ཆུང«གོས་ཆེན་འབྲུག་མ»ནི་སྙན་དེབ་ཅིག་ཏུ་བསྙད་ཡོད་མོད། ངས་ད་བར་རྩོམ་རིག་ཟེར་བ་དང་སྙན་ངག་ཅེས་པ་དེར་གོ་བ་ཡང་དག་ཅིག་ནི་ངོ་མ་རྙེད་མ་སོང་། “ཤེས་བྱ་ནམ་མཁའི་སྐར་ཚོགས་ལ། བསླབ་དགོས་པའི་གནས་ལ་ཟད་མཐའ་མེད”ཟེར་བ་དེ་ཡིན་ནམ། ངས་ཇི་ལྟར་གཞན་གྱི་གླེགས་བམ་བཀླགས་ཤིང་རང་གིས་ཅི་ཞིག་བྲིས་ཀྱང་རྩོམ་རིག་ཅེས་པའི་ནམ་མཁའ་ཡངས་མོ་དེ་དང་སྙན་ངག་ཅེས་པའི་སྤྲིན་དཀར་ལང་ལིང་དེའི་མུ་དང་མཐའ། གཟུགས་དང་དབྱིབས་འདི་དང་གན་རེད་ཅེས་པ་གང་ཡང་མ་རྙེད།
       ལྷག་ཏུ་སྙན་ངག་ཅེས་པ་དེར་ཐོན་དུས། མ་གཞི་ནས་ཤེས་བྱ་ཡོད་ཚད་སྒྲོམ་ཞིག་ཏུ་བཙུད་ནས་འདི་དང་གན་རེད་ཅེས་གཞོག་གཏུབ་བྱེད་མཁན་གྱི་ཞིབ་འཇུག་པའམ་དཔྱད་བརྗོད་སྤེལ་མཁན་དག་ལས། ནང་སེམས་ཀྱི་སྒྱུ་མའི་ནོར་རྫས་དག་ནི“ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་པ། །དེ་ལྟར་མཁས་པའི་ཚིག་ནི་ལྐུགས་པར”འགྱུར་བའམ་ཡང་ན“བྱམས་སྡང་བྱིས་པའི་སེམས། ཁ་མངར་ལྐུགས་པའི་ལྕེ”ཞེས་པའི་དཔེ་ལས་དངོས་པོ་ཡོད་ཚད་མིག་གིས་མཐོང་ཐུབ་པ་དང་ལྕེ་ཡིས་གཞལ་ཐུབ་པ་དེ་འདྲ་ཞིག་མ་རེད་སྙམ།
       སྤྱིར་ང་རང་ཉིད་ལའང་འགྱུར་བ་ཅུང་རེ་འགྲོ་གི་ཡོད་པ་འདྲ་སྟེ། ཕ་རོལ་པོ་ལ་ལའི་ངག་ལྟར་བྱས་ན། གོ་རྒྱུ་ཡོད་པ་ནས་མེད་པའི་ཕྱོགས་སུ་སོང་བ་དང་། རིན་ཐང་ཡོད་པ་ནས་མེད་པའི་ངོ་བོར་ཕྱིན་པ། གནས་ལུགས་ཡོད་པ་ནས་གང་བྱུང་སྨྱོ་ལབ་ཀྱི་ཕྱོགས་སུ་ལྷུངས་པའོ། །འོན་ཏེ་རྒྱུ་རྐྱེན་འདི་ཡིན་ཟེར་བ་བཤད་དུ་མེད་ཀྱང་ངས་ནི་སྙན་ངག་ཅེས་པ་དེ་ཤེས་བྱ་སྐམ་པོ་ཅི་ཞིག་ལ་སྡོམ་རྒྱག་པ་དང་། ཚོགས་སྡེ་བྱེ་བྲག་པ་གང་ཞིག་ལ་བསླབ་བྱ་བྱེད་པ། ཡང་ན་སྤྱི་སྒེར་གང་ཞིག་ལ་དགྲ་ལྷ་དཔང་བསྟོད་བྱེད་པའམ་ཁྲོམ་ཆེན་ཟིལ་གྱིས་གནོན་པའི་དབྱངས་རྟ་དེ་འདྲ་རང་ཨེ་ཡིན་སྙམ་པ་བྱུང་།
གསུམ།
       ཡང་བསྐྱར་རང་ཉིད་ལ་འདང་ཞིག་བརྒྱབ་ན། བྱིས་པ་སྣབས་ལུག་ཅིག་ལམ་དུ་ཆས་པ་དང་དབྱངས་གསལ་སོ་བཞིའི་དབྱངས་རྟ་སྙན་མོ་ཞིག་ངག་ཏུ་ལེན་ཤེས་པར་གྱུར། རིམ་བཞིན་ང་རང་རྩེད་ཆས་ལྟ་བུའི་ཡིག་འབྲུ་དེ་དག་དང་ལྷན་དུ་དགོད་ཞོར་ངུ་ཞོར་བྱས་ནས་ནར་སོན་པས། སྐབས་ཤིག་ནས་ངས་ཡིག་འབྲུ་དེ་དག་ནི་རྩེད་ཆས་ཙམ་མིན་པར་རང་གི་ཕ་མེས་ཡང་མེས་ཚོའི་སྐྱིད་སྡུག་གི་བྱུང་བ་དང་། བསམ་པའི་དཔལ་ཡོན། ལྟ་སྤྱོད་ཀྱི་ཉིང་ཁུ་མཐའ་དག་དེ་རུ་བཅུག་ཡོད་པ་ཤེས་པས། ད་ལྟ་རང་ཉིད་ལམ་གོལ་དུ་མ་ཕྱིན་པའི་ང་རྒྱལ་དང་གདེང་ཚོད་ཅིག་ཡོད་སྣང་སྟེར། དེ་ནི་ཨ་ཕ་ལགས་ཀྱིས་ང་རང་རྟ་ཐོག་ཏུ་བསྐྱོན་ནས་སློབ་གླིང་དུ་བསྐྱལ་བའི་བཀའ་དྲིན་ཡིན།
       ཐོས་བསམ་ནི་དཔྲལ་བ་ལ་ཞག་ཚིལ་ཅུང་ཟད་རེ་མེད་ན་སུ་ཡིན་ཡིན་གྱིས་སྡུག་བསྲན་ཐུབ་པ་དེ་འདྲའང་ཡིན་བཟོ་མི་འདུག་པས། དེ་ལ་དགོས་ངེས་ཀྱི་ཁ་སེམས་དགེ་བས་རྒྱབ་སྐྱོར་བྱེད་མཁན་དང་ལྷག་བསམ་དག་པས་ལམ་སྣ་ཁྲིད་མཁན་རེའང་ངེས་པར་ཡོད་དགོས་འདུག་པས། བདག་ལ་མཚོན་ན་དྲིན་ཆེན་ཨ་མ་ལགས་དང་ཕུ་ནུ་མིང་སྲིང་དག་ནི་རྒྱབ་ནས་སྐྱོར་མཁན་དང་དགེ་བའི་བཤེས་གཉེན་དག་ནི་མདུན་ནས་བསུ་མཁན་ཞིག་ཡིན་པས། འདིར་དྲན་པ་ཉེ་བར་བཞག་སྟེ་ཁོང་ཅག་ལའང་སྙིང་ཐག་པ་ནས་བཀའ་དྲིན་ཞུ་སྙིང་འདོད།
       དེ་བས། རྒྱ་ལ་ངའི་སྒོ་གསུམ་ལྗང་བུའི་རྩེ་མོར་ཡོན་ཏན་གྱི་ཆ་རེ་ཡོད་ན་གང་ཞིག་ནས་འགོས་ཡོང་བ་དང་གཞན་ཞིག་གིས་བྱུགས་བཞག་པ་ལས་ང་རང་ནི་ལག་པ་སྟོང་བར་འཇིག་རྟེན་འདིར་འཁྱམས་ཡོང་བ་ཡིན་པས་ང་རྒྱལ་འོས་པའི་དངོས་པོ་གང་ཡང་འཁྱེར་རྒྱུ་མ་བྱུང་ལ། ལྷག་ཏུ་ད་ལྟའི་བཤད་སྲོལ་ལྟར་ན“ཕ་མ་ནི་མིའི་རིགས་ཀྱི་དགེ་རྒན་ཐོག་མ་དང་། ཁྱིམ་ཚང་ནི་མིའི་རིགས་ཀྱི་སློབ་གླིང་ཐོག་མ”རུ་ཟེར་ཆོག་པར་འདུག་ན། ངའི་ཡོད་ཚད་ནས་ཡོད་ཚད་ཀྱང་དྲིན་ཕ་མ་ཟུང་གིས་བདག་རྐྱེན་ཡིན་འདུག་པས། ད་ཐེངས་གུས་པའི་དེབ་ཆུང«གོས་ཆེན་འབྲུག་མ»ཡང་དྲིན་ཆེན་ཕ་མ་ཟུང་ལ་ལེགས་སྐྱེས་ཤིག་ཏུ་བགྲང་ཆོག་པ་འདྲ།
       གཞན་གུས་པའི་དེབ་ཆུང་ཧྲིལ་པོའི་ལྕི་ཡང་དང་དགེ་སྐྱོན་སོགས་ནི་གྲོགས་མཚན་འབར་ལགས་ཀྱིས་སྔོན་ཞིག་ནས་ཞིབ་མོ་རྣམ་འཐག་གིས་བཀྲལ་ཟིན་པ་དེབ་འདིའི་དབུ་ཁྱུད་ཀྱི་དོད་དུ་བཀོད་ཡོད་པས། འདིར་རང་གིས་རང་ལ་འདི་དང་གན་ཞེས་མཛུབ་མོ་འཛུགས་འཆར་མེད་ལ། དེ་བས་ད་ར་ཕོར་བ་གང་ལ་བཤད་པ་མདའ་རྒྱང་ཙམ་བྱེད་པར་སྤོབས་པ་དང་ཡི་གས་ཀྱང་མི་ཆུན་པར་གདའོ། །
ཚང་མར་ཁ་དྲོ། བཀྲ་ཤིས།

རྩོམ་པ་པོ་ངོ་སྤྲོད།
       རོང་པོ་རང་འཚོལ་ལམ་མིང་དངོས་མིང་ལ་བསྟན་འཛིན་དཀོན་མཆོག་འབོད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཡོས་ཆག་དམར་ཡོན་སྡེ་བར་སྐྱེས། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་དང་ནག་ཆུའི་དམངས་ཁྲོད་རྩོམ་པ་པོའི་ཁོངས་མི་ཡིན། སྔ་རྗེས་སུ་ལྷུག་མ་གཙོ་བོར་བྱས་པ«མི་ཚེའི་རྟོག་འགྱུ»དང་། བཅད་མ་གཙོ་བོར་བྱས་པ«གཤིས་ཀྱི་དབྱངས་རྟ»ཞེས་པའི་སྒེར་དེབ་གཉིས་དང་། ཕབ་ཞུས་བགྱིས་པ་སྐྱབས་རྗེ་གསལ་བྱེད་པའི་རྣམ་ཐར«གསལ་བྱེད་འོད་སྣང»སོགས་དཔར་དུ་བསྐྲུན། གཞན«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«གངས་རྒྱན་མེ་ཏོག» «བྱང་ཐང» «ཁམས་པའི་རྩོམ་རིག་སྒྱུ་རྩལ» «འཕྲིན་ལས་འོད་སྣང»སོགས་གཞུང་སྒེར་གྱི་དུས་དེབ་ཁག་ཏུ་སྔ་ཕྱིར་རྩོམ་ཡིག་མང་ཙམ་སྤེལ་བ་མ་ཟད། ༢༠༢༢ལོར་ཆུ་གྲོང་ཨུད་དྲིལ་བསྒྲག་པུའུ་དང་ནག་ཆུ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ཕྱོགས་ཀྱི་མཉམ་འབྲེལ་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ནག་ཆུའི་རིག་ལྷན་དང་ནག་ཆུའི་རྩོམ་པ་པོ་མཐུན་ཚོགས་ཀྱི“བྱང་ཐང་སྨྱུག་རྩལ”ཞེས་པའི་འགྲན་རྩོམ་ཁྲོད་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། ད་ལྟ་མུ་མཐུད་གསར་རྩོམ་ལ་འཇུག་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།