དཔེ་དེབ་ངོ་སྤྲོད། «དུས་རབས༩-༡༩པའི་བོད་ཡིག་གནའ་དཔེ་བྲིས་མའི་མཛད་བྱང་དང་མཆན་གྱི་ངོས་འཛིན»
རྩོམ་པ་པོ།:རྩོམ་སྒྲིག་ནས་བཅོས་སྒྲིག་བྱས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-10-16
ཀློག་གྲངས།:
བོད་ཡིག་གནའ་དཔེ་ཞིབ་འཇུག་ཆེད་མཁས་པ་པད་མ་བཀྲ་ཤིས་ལགས་ཀྱིས་བརྩམས་པའི«དུས་རབས༩-༡༩པའི་བོད་ཡིག་གནའ་དཔེ་བྲིས་མའི་མཛད་བྱང་དང་མཆན་གྱི་ངོས་འཛིན»ཅེས་པའི་སྟོད་སྨད་གཉིས་ཀྱིས་གྲུབ་པའི་དེབ་འདི་ནི༢༠༡༨ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ནས་པར་བསྐྲུན་བྱས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་ལྔ་པའི་ཐོག་བོད་ཡིག་ཞིབ་འཇུག་ཆེད་རྩོམ་བྱ་དགའ་རིམ་པ་གཉིས་པ་ཐོབ།

དེབ་འདིའི་ནང་གཙོ་བོ། «དུས་རབས༩-༡༩པའི་བོད་ཡིག་གནའ་དཔེ་བྲིས་མའི་མཛད་བྱང་དང་མཆན་གྱི་ངོས་འཛིན»ཞེས་པའི་བརྩམས་ཆོས་འདི་ནི་རྩོམ་པ་པོས་བགྲང་བྱ་དུ་མའི་ནང་དུ་བོད་ལྗོངས་མངའ་ཁོངས་སུ་གནའ་དཔེ་ཡོངས་བཤེར་བྱེད་པའི་བརྒྱུད་རིམ་ནང་མཇལ་བའི་དུས་རབས་མི་འདྲ་བའི་གནའ་དཔེ་བྲིས་མའི་དབུ་ཤོག་དང་ཞབས་ཤོག བམ་མཚམས་སོགས་སུ་བྱོན་པའི་རྒྱས་བསྡུས་མི་འདྲ་བ་དང་འབྲི་གཟུགས་མི་འདྲ་བའི་གནའ་དཔེའི་མཛད་བྱང་ཁག་ལ། བོད་ཡིག་གནའ་དཔེ་རིག་པ་དང་ལོ་རྒྱུས་རིག་པ། སྐད་བརྡ་རིག་པ་དང་སྒྱུ་རྩལ་རིག་པ་སོགས་རིག་ཚན་མི་འདྲ་བའི་རྣམ་པའི་ཐོག་ནས་དཔྱད་པ་བྱས་ཏེ། གནའ་དཔེ་དེ་དག་འབྲི་བཞེངས་ཀྱི་དགོས་པ་དང་འབྲི་བཞེངས་དུས་རབས། འབྲི་བཞེངས་གནང་ཡུལ། འབྲི་རྫས་སྣག་ཤོག འབྲི་བཞེངས་དད་པ་སྐྱོ་ངད་མེད་པའི་སྦྱིན་བདག འབྲི་བཞེངས་ཡིག་ཞུས་ལ་སོགས་པར་ཞིབ་འཇུག་ཅུང་ཟད་ཞིབ་ཕྲ་བྱས་ཏེ། དུས་རབས་མི་འདྲ་བའི་གནའ་དཔེ་བྲིས་མའི་ཁྱད་ཆོས་བརྗོད་པ་ཞིག་ཡིན།
མཛད་པ་པོ་ངོ་སྤྲོད།

པད་མ་བཀྲ་ཤིས་ལགས་ནི་བོད་ལྗོངས་ལྷོ་ཁ་གོང་དཀར་རྫོང་ནས་ཡིན་ཞིང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང(བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས)གི་ཞིབ་འཇུག་པ་དང་རྒྱལ་ཁབ་ཀྱི་དམིགས་བསལ་གླ་ཕོགས་བཞེས་མཁན་ཞིག་ཡིན། ཁོང་གིས་ད་བར«བོད་ཡིག་གནའ་དཔེའི་རྣམ་བཤད་དང«དུས་རབས་༩-༡༩པའི་བོད་ཡིག་གནའ་དཔེ་བྲིས་མའི་མཛད་བྱང་དང་མཆན་གྱི་ངོས་འཛིན»བཅས་དེབ་གཉིས་དང། «བོད་ཡིག་གནའ་དཔེའི་ལྡེབ་གྲངས་ཀླད་དུ་བཞུགས་པའི་སྒོར་ཐིག་ལ་དཔྱད་པ»དང་། «བོད་ཡིག་གནའ་དཔེ་ཧོར་སྤར་མའི་ཁྱད་ཆོས་ལ་དཔྱད་པ» «བཙན་པོའི་བླ་འབུམ་གྱི་བམ་མཚམས་ལ་དཔྱད་པ»སོགས་ཁྱོན་དཔྱད་གཞིའི་རིན་ཐང་ཆེ་བའི་དཔྱད་རྩོམ་སུམ་ཅུ་ལྷག«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག» «བོད་ལྗོངས་སློབ་ཆེན་རིག་དེབ»བཅས་ཀྱི་སྟེང་དུ་སྤེལ་མྱོང་ཡོད།
ནང་དོན་ཡོང་ཁུངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།