དཔེ་དེབ་ངོ་སྤྲོད། «དམག་ཁྲིམས་ཡིག་རྙིང་ཡིག་ཆའི་ཚིག་འགྲེལ་དང་ཞིབ་འཇུག»
རྩོམ་པ་པོ།:རྩོམ་སྒྲིག་པ་ནས་བཅོས་སྒྲིག་བྱས
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-10-17
ཀློག་གྲངས།:
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་པད་གཞུང་ཟླ་བ་ཆུང་བདག་ལགས་ཀྱིས་བརྩམས་པའི«དམག་ཁྲིམས་ཡིག་རྙིང་ཡིག་ཆའི་ཚིག་འགྲེལ་དང་ཞིབ་འཇུག»ཅེས་པའི་དེབ་འདི་ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ནས་པར་བསྐྲུན་བྱས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་ལྔ་པའི་ཐོག་བོད་ཡིག་ཞིབ་འཇུག་ཆེད་རྩོམ་ལས་བྱ་དགའ་རིམ་པ་གསུམ་པ་ཐོབ།

དཔེ་དེབ་འདིའི་ནང་དོན་གཙོ་བོ་ལ། བཙན་པོའི་རྒྱལ་རབས་ནི་དྲག་པོ་དཔུང་གི་སྒྲིག་གཞི་གཞི་རྩར་བྱས་ནས་གྲུབ་ཅིང་། དམག་དོན་རྒྱ་བསྐྱེད་ཀྱི་བྱ་གཞག་གཙོར་བཟུང་བྱེད་པའི་ལོ་རྒྱུས་དུས་རིམ་གལ་ཆེན་ཞིག་ཏུ་ངེས་ཕྱིར། བཙན་པོའི་རྒྱལ་རབས་སྐབས་ཀྱི་སྤྱི་ཚོགས་ཧྲིལ་པོའི་ཆགས་གྲུབ་དང་། གནས་སྟངས། འཕེལ་འགྱུར་སོགས་ལ་བརྟག་པར་སྐབས་དེ་ཤེད་ཀྱི་དམག་མི་མཁོ་བསྡུ་དང་། རུ་དཔུང་ཁག་བགོས། དམག་ཁྲིམས་གཏན་འབེབས། དམག་འཐབ་ཇུས་བཀོད། དམག་སྣ་འདྲེན་ཚུལ། ས་ཁོངས་རྒྱ་བསྐྱེད་གནང་ཚུལ་སོགས་ལ་ཞིབ་འཇུག་གནད་ལ་འཁེལ་བ་ཞིག་བྱ་དགོས་པ་ནི་སྨོས་མ་དགོས། འོན་ཀྱང་། དུས་ཡུན་རིང་མོ་ཞིག་ནང་བཙན་པོའི་རྒྱལ་རབས་སྐབས་ཀྱི་དམག་དོན་བྱ་གཞག་ཐད་ལ་ཞིབ་འཇུག་བགྱིས་ནས་ཕུལ་བྱུང་དཔྱད་འབྲས་མང་པོ་ཞིག་ཐོན་ཡོད་ཀྱང་བཙན་པོའི་རྒྱལ་རབས་སྐབས་སུ་རྗེ་བློན་མོལ་ནས་བཀས་བཅད་གཏན་འབེབས་གནང་བའི་དམག་འཐབ་ཇུས་བཀོད་དང་དམག་མིའི་སྒྲིག་ཁྲིམས་གཅིག་བསྡུས་ལྟ་བུའི་དཔྱད་གཞི་ཞིག་ཀུན་གྱི་མཐོང་ཆོས་སུ་མ་གྱུར་བས་བཙན་པོའི་རྒྱལ་རབས་ཀྱི་རུ་དཔུང་གི་སྟོབས་ཤུགས་ཆེ་ཚུལ་མངོན་པ་ཙམ་ལས་འདི་ལྟའི་སྟོབས་ཤུགས་སྐྱེད་སྲིང་བྱ་བ་ལ་དམག་ཁྲིམས་གཙོས་པའི་ནང་རུམ་གྱི་རིག་གནས་མཐུན་རྐྱེན་ཇི་འདྲ་ཡོད་མེད་ཐད་ལ་གསལ་ཁ་ཆེན་པོ་ཐོན་ཐུབ་པ་བྱུང་མེད། དེ་ལྟའི་རིག་གཞུང་ཞིབ་འཇུག་གི་གནས་སྟངས་འོག་ལོ་ཤས་སྔོན་དུ་བཙན་པོའི་རྒྱལ་རབས་སྐབས་སུ་རྗེ་བློན་མོལ་ནས་བཀས་བཅད་གཏན་འབེབས་གནང་བར་ངེས་སོ་སྙམ་པའི་དམག་འཐབ་ཇུས་བཀོད་དང་དམག་མིའི་སྒྲིག་ཁྲིམས་གཅིག་བསྡུས་ལྟ་བུའི་ལོ་རྒྱུས་ཡིག་ཆ་རྩ་ཆེན་ཞིག་པ་ཚབ་པ་སངས་དབང་འདུས་ལགས་དང་ཤེས་རབ་བཟང་པོ་རྣམ་གཉིས་ཀྱིས་བོད་རིག་པའི་ཞིབ་འཇུག་གླེང་སྟེགས་ཐོག་སྔ་རྟིང་དུ་སྤྱན་འབུལ་གནང་ཕྱིར། ཀུན་གྱིས་དཔྱད་གཞི་དེར་མཚར་འཛིན་དང་བཅས་ཐུགས་ཁུར་ཟབ་བཞེས་གནང་ཞིང་། རྩོམ་པ་པོས་ཀྱང་བཙན་པོའི་རྒྱལ་རབས་སྐབས་ཀྱི་དམག་ཁྲིམས་ཡི་གེ་དེར་གཞིགས་ནས་ཚིག་འགྲེལ་དང་ཞིབ་འཇུག་བྱས་པ་ལས་ཆེད་རྩོམ་འདི་གྲུབ་པ་ཞིག་ཡིན། དམག་ཁྲིམས་ཡིག་ཆ་འདིའི་ནང་ཡིག་ཆའི་འབྱུང་དུས་ཀྱི་ལོ་ཚིགས་གཏན་ཕབ་ལ་མཁོ་བའི་རྒྱུ་ཆས་ཤིན་ཏུ་དབུལ་ན་ཡང་རྩོམ་པ་པོས་ཡིག་ཆའི་ནང་ཐོན་པའི་བརྡ་དག་ཁྱད་ཆོས་དང་། དགྲ་ཡུལ་ངོས་འཛིན། བོད་དང་འ་ཞ་རུ་དཔུང་མཉམ་བསྡེབས་བགྱི་ཚུལ། བཙན་པོའི་རྒྱལ་རབས་སྐབས་ཀྱི་དམག་དོན་རྒྱ་བསྐྱེད་ཀྱི་ལས་རིམ། བྱུངས་དང་ཁུ་ལོང་གི་ཐང་ཁྲིམས་བཅས་ཀྱི་ལམ་ནས་ཡིག་ཆ་ཧྲིལ་པོའི་འབྱུང་དུས་རོབ་ཙམ་རིགས་འདེད་བྱས་འདུག་པ་དང་ལྷག་དོན་དུ་བོད་རྒྱ་ཡིག་རྙིང་ཡིག་ཆ་ཟུང་འབྲེལ་གྱི་ལམ་ནས་བཙན་པོའི་མཚན་དང་། བློན་པོའི་མིང་རུས། ཁྲིམས་བཅའ་ཡུལ། གཉེན་ཚན་འབོད་སྲོལ། ཤིང་ཁྲམ་གྱི་ཡི་གེ་སྤོ་བསྒྱུར་བྱུང་ཚུལ་བཅས་ཀྱི་ཐབས་སྒོ་གང་མང་དང་བསྟུན་ནས་ཁྲིམས་ཕྲན་འདི་བཞིན་ཤོག་བུའི་ཐོག་བཀོད་པའི་དུས་ཚོད་ཅུང་ཚགས་སུ་ཚུད་པ་བསྒྲུབ་འདུག
མཛད་པ་པོ་ངོ་སྤྲོད།

པད་གཞུང་ཟླ་བ་ཆུང་བདག་ལགས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ནས་ཡིན། ༡༩༩༩ནས༢༠༠༦ལོ་བར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་དུ་དངོས་གཞི་དང་ཤེས་རམས་པ་མཐུད་སྦྱོང་གནང་ཞིང་། ལོ་རྒྱུས་རིག་པའི་དངོས་གཞིའི་སློབ་གནས་དང་ཆེད་ཚན་ལོ་རྒྱུས་ཀྱི་ཤེས་རམས་པའི་སློབ་གནས་ཐོབ། ༢༠༠༦ལོ་ནས་ད་བར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་དུ་ཚན་ཞིབ་ཕྱག་ལས་གནང་། འབུམ་རམས་པ་དང་། ཞིབ་འཇུག་པ་ཡིན་ཞིང་། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཤེས་རམས་པའི་སློབ་དཔོན་གཅིག་ལྕོགས་སུ་གནང་བཞིན་ཡོད་ལ། ཆེད་ལས་ཞིབ་འཇུག་ཁ་ཕྱོགས་ནི་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་གནའ་བོའི་ཡིག་ཚང་ཡིན།
ནང་དོན་ཡོང་ཁུངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།