logo

ན་གཞོན་རྩོམ་པ་པོ་བྲག་རྡོའི་སྙན་དེབ«འཁོར་བའི་རྟ་ཕོ»པར་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2023-10-20 ཀློག་གྲངས།:
       སྙན་ངག་བརྒྱ་དང་སོ་གསུམ་གྱིས་གྲུབ་པའི་སྙན་དེབ་འདི། མི་ལོ་བཅུ་ཕྲག་གཅིག་ལྷག་རིང་བྲིས་པའི་སྙན་ངག་དག་ལས་གདམ་གསེས་ཀྱིས་གྲུབ་པའི་ཚིག་གི་ཆགས་སྡང་གི་བདག་ཉིད་ཅིག་ཡིན། ཡང་ན་ང་རང་གི་མི་ལོ་འདི་དག་རིང་གི་དགའ་སྐྱོ་ཆགས་སྡང་གིས་བསྙལ་བའི་འཚོ་བའི་རྒུན་ཆང་ཤེལ་ཕོར་གང་ཡང་ཡིན་ཆོག ཡོད་ཡོད་འདྲ་བའི་འཚོ་བར་བཟུང་བའི་སེམས་པས་ངོམ་དུ་མེད་ཀྱང་སྟོན་དུ་ཡོད་པའི་སྙན་ངག་འདི་དག་ཁྱེད་ཅག་ལ་ཕུལ་བའི་ལས་ཀྱི་སྟབས་ཀ་འགྲིག་སོང་། དེས་ན་ཁྱེད་ཀྱིས་ཀྱང་འཚོ་བའི་དགའ་སྡུག་དང་མངར་སྐྱུར་གྱི་ཀློང་ནས་སྙན་ངག་འདི་དག་ཐེངས་གཅིག་བཀླག་རྒྱུའི་རེ་བའང་སྨྱུག་ཐོགས་པའི་གྲལ་མཐའ་བ་གུས་པོ་བྲག་རྡོས་ཞུས་པའོ། །
ང་ཡི་སྐར་མ་དང་ཁེར་རྐྱང་།
                               དེབ་འདི་འཕྱི་དྲགས་པའི་ཐུག་འཕྲད་དང་བརྩེ་དུང་ལ་ཕུལ་བ་ཡིན།

       ལོ་ཟླ་འདི་ལྟར་བག་མེད་ཀྱིས་རྒྱང་དུ་ཡལ། ལོ་ཟླར་བསྟིམས་པའི་ལང་ཚོ་དང་བརྩེ་དུང་གི་གཏམ་རྒྱུད་དག་ཀྱང་འདི་ལྟར་བག་མེད་ངང་རྒྱང་དུ་ཡལ། གཏམ་རྒྱུད་ལ་བསྟིམས་པའི་བརྩེ་དུང་དང་མི་དག་རྒྱང་དུ་བསྐྱུར། ཡིན་ནའང་། འཕྱི་དྲགས་པའི་བརྩེ་དུང་གི་སོ་ཁར་བུད་པའི་མི་འདི་ཅི་འདྲའི་བློས་གཏོང་དཀའ་བ་ལ། བརྗེད་པར་དཀའ་བ་ལ། ཐོབ་པར་ལྷག་ཏུ་དཀའ་བ་ལ་ཨང་།
       བར་ཐག་གིས་བསྐྲུན་པའི་སྡུག་བསྔལ་དང་སྐྱོ་གདུང་གི་བྲེལ་འཚུབ་ཀྱིས་ནང་སེམས་དལ་ལྷོད་མེད་པར་རྒྱ་མཚོའི་རླབས་བཞིན་དགུང་ལ་འཕྱོ། སྐྱིད་སྡུག་སྣ་ཚོགས་ཀྱི་གཡང་གཟར་ལ་ལྷུང་བའི་མི་དག་ཅི་འདྲའི་ཉམ་ཆུང་བ་ལ། ཡིན་ནའང་། བརྩེ་དུང་གི་གཡང་དུ་ལྷུང་བའི་མི་དག་དེ་ལས་ཉམ་ཆུང་ཞིང་སྙིང་ཉེ་བ་ལ།
       མི་ལོ་ཉི་ཤུའི་ལང་ཚོའི་ཕྲག་གོང་ནས་གཟིར་ལ་ཉེ་བའི་དུས་སྐབས་འདི་ལྟ་བུ་ཞིག་ལ། སེམས་ཀྱི་ཕྱི་ནང་གི་དགའ་སྐྱོ་མ་ལུས་པ་ཡོད་ཚད་དེབ་ཆུང་འདིར་བསྐྱིལ་ན། འགན་འཁུར་ཅིག་འགྲུབ་པ་མིན་མོད་སེམས་ཀྱི་རེ་འདུན་ཕྲ་མོས་བསྐངས་བའི་ཡིད་ཀྱི་བདུད་རྩིའི་བུམ་བཟང་ཞིག་ཅིས་མིན་ཨང་། དེས་ན་དེབ་ཆུང་འདི་ཡི་སྐྱིད་སྡུག་མཐའ་དག་ཀློག་མཁན་དང་ང་ཡི་སྐར་མར་ཕུལ་བ་ཡིན།
       དུས་ཚོད་ཀྱིས་འཆིང་ཐག་ལ་འཇུས་པའི་ང་ཚོ་འདི་ལྟར་ཚོར་བའི་ཀློང་ཁམས་ཤིག་ཏུ་ཉུལ་དུས། དོར་མི་བཏུབ་པའི་དྲན་ཤིང་རིང་མོ་སེམས་སུ་བསྐུངས། བརྗེད་མི་བཏུབ་པའི་དྲན་པ་རིང་མོ་ཡིད་དུ་བསྒོམས། དྲན་གདུང་གི་སེམས་པའི་སྙི་སར་སིམ་པའི་མི་དེ་ཤིན་ཏུ་དྲན། དེ་ལྟ་དེ་ལྟར་ཏེ། འདིར་ལྟར་ཡོད་ཚད་ལས་དབང་གི་སྐྱོ་གར་དུ་འཁུམས་ན། ངས་སྙན་ངག་ལས་སུ་ཞིག་ལ་ཡིད་སེམས་གཏད་ཨང་།
       འཕྱི་དྲགས་པའི་ཐུག་འཕྲད་འདིས། ང་ལ་དྲན་གདུང་དང་བརྩེ་དུང་གི་ནམ་མཁའ་བསྐྲུན། འཁྲེང་ཞེན་དང་སྐྱོ་ཡུས་ཀྱི་བྲག་རི་བརྩིགས། དལ་ལྷོད་མེད་པའི་ཆུ་རྒྱུན་བཞིན་རྒྱང་རིང་དུ་ཁྲིད། རྒྱང་གི་ཡུལ་དུ་ཁྲིད། ཁེར་རྐྱང་གི་ས་མཐར་ཁྲིད། ད་ནི་ང་ལ་བརྩེ་དུང་གི་འཁྲེང་ཞེན་ལས་དྲན་གདུང་ཅི་ཡང་ཡོད་མི་འོས། ཡིན་ནའང་། ངས་ད་དུང་ཅི་ཞིག་བློས་མི་ཐོངས་པ་འདི་ཅིའི་ཕྱིར།
       རྙོག་འཛིང་ཆེ་བའི་འཇིག་རྟེན་འདི་ནས་དགོས་དབང་གི་འགྱུར་བག་ཙམ་གྱིས་ཡུལ་དུས་ལ་འགྱུར་བ་མེད་པ་མི་སྲིད་ནའང་། ཁྱོད་ལ་འདི་ལྟར་འཕྲད་པ་ཆ་འཇོག་ཅི་ཡང་མེད་པ་ཞིག་ཏུ་སེམས་ཀྱིན་མེད། འཕྱི་དྲགས་པའི་ལས་དབང་གི་ཞགས་ནག་མགུལ་དུ་བསྐོན་ཚར་བས། ལེ་བདའ་དང་འཁང་ར་ཅི་ཡང་མེད་པར་སྔར་བཞིན་ལས་དབང་གི་བཀའ་བསྒོས་ལ་ཉན་རྒྱུ་ལས་ང་ལ་བྱ་ཐབས་གཞན་ཞིག་མི་འདུག ཡིན་ནའང་། ང་ཁྱོད་ཀྱི་བརྩེ་དུང་གིས་སྒུལ་བའི་མིག་ཟུང་གི་ཟུར་མིག་ཕྲ་མོར་ཡིད་ཆེས་ཡོད། གཞི་གཅིག་ཏུ་སིམ་པའི་སེམས་པ་དེ་ལ་ཡིད་ཆེས་ལྷག་ཏུ་ཡོད།
       མི་ཚོགས་ཀྱི་འུར་ཟིང་དང་གྱེས་ནས་ལྷིང་འཇགས་ཀྱི་གནས་མལ་འདི་ནས་ངས་ཁྱོད་རང་དྲན། ནམ་མཁའ་འདི་ལ་མཐའ་མེད་པ་བཞིན་ངའི་དྲན་གདུང་འདི་ལའང་མཐའ་མེད། དེས་ན་ཀློག་མཁན་ཁྱོད་རང་ཁྲིད་དེ་ངའི་མཐའ་མེད་པའི་དྲན་གདུང་དང་བརྩེ་དུང་གི་གཏམ་རྒྱུད་འདི་དག་ལ་ཐེངས་གཅིག་གསན་ཕྱིར་རྒྱང་རིང་གི་རྩྭ་ཐང་དང་མཚོ་འགྲམ་དུ་ལོག་པར་བྱ། ག་འདྲ་འདུག ངའི་སྙིང་ཉེ་བའི་ཀློག་པ་པོ་ལགས།
       སྟོན་ཁ་འདི་ང་ཆེས་དགའ་ཤོས་ཀྱི་དུས་ཚིགས་ཤིག་ཡིན་པ་ནང་བཞིན་ཆེས་སུན་ཤོས་ཀྱི་དུས་ཚིགས་ཤིག་ཀྱང་ཡིན། ཐུག་འཕྲད་ཀྱི་སྟོན་ཁ་འདི་ཡང་ཆེས་སྤྱིར་བཏང་གི་སྟོན་ཁ་དག་དང་དབྱེར་མ་མཆིས་མོད། ངའི་མི་ཚེའི་ཁྲོད་ཀྱི་སྟོན་ཁ་ཐེངས་ཉེར་བདུན་པ་དེ་ཡིན།
       དེའི་ཕྱིར་སྟོན་ཁ་འདི་ནི་ངའི་དྲན་པའི་མཆོད་སྟེགས་སུ་འཛུམ་པའི་སྐར་མའི་མིག་ཟུང་དེ་ཅིས་མ་ཡིན།
       ཆེས་སྤྱིར་བཏང་སྟོན་ཁ་འདི་ཆེས་སྤྱིར་བཏང་མིན་པའི་སྟོན་ཁ་ཞིག་ཏུ་གྱུར་བའི་བརྒྱུད་རིམ་ནི་བརྩེ་དུང་གི་གཏམ་རྒྱུད་དང་འབྲེལ་བ་ཏན་ཏན་ཡོད་ལ། སེམས་ཀྱི་ལོབས་ཕྱོགས་དང་ཡིད་ཀྱི་མཐུན་ཕྱོགས་དག་གི་གཏིང་རིམ་དུ་བསྟིམས་པའི་གཉུག་གཤིས་ཀྱི་གཞུང་རྟར་སྐྱིད་ལ་སྡུག་པའི་བརྩེ་དུང་གི་རྩ་ལག་རྒྱས་ཐེངས་ཤིག་ཀྱང་རེད།
       “དངོས་གནས་འགྲོགས་འགྲོགས་རྗེས་ལོབ་སོང”ཞེས་གྲགས་པ་འདི་ཡང་ཆེས་སྤྱིར་བཏང་གི་སྐད་ཆ་ཞིག་ཡིན་ནའང་། ང་ལ་མཚོན་ན་ཡིད་སེམས་ཀྱི་གཏིང་རིམ་དྲོད་ལམ་མེར་གཏོང་བྱེད་ཀྱི་སྐད་ཆ་ཞིག་སྟེ། སྐད་ཆ་འདི་ཡི་ཕག་ཏུ་བསྐུངས་པའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དང་སེམས་པ་སྙི་མོས་བསྐྱོམས་པའི་དྲན་གདུང་། ཡང་ན་ཡིད་སེམས་གཅིག་ཏུ་འདྲེས་པའི་གཏམ་རྒྱུད་ཡོད་པས། ལག་མཐིལ་དུ་སྐྱུ་རུ་ར་བླངས་པ་ཇི་བཞིན་གསལ་བོར་མཐོང་ཐུབ། དེ་ལ་ཡིད་ཆེས་ཀྱི་གདེང་ངམ་བརྩེ་དུང་གི་འདང་ཞེས་ཅི་ཞིག་འབོད་ན་འོས་སམ།
       ས་རུབ་ཐེངས་རེར་ངས་ཁྱོད་རང་དྲན་སྲིད་པ་ནང་བཞིན་དུ་རྨི་ལམ་དུའང་རྨིས་སྲིད། ཁྱོད་རང་འདི་ལྟར་རྒྱུས་མེད་ནས་རྒྱུས་ཡོད་དུ་ཆགས་ཤིང་། རྒྱུས་ཡོད་ཀྱི་སེམས་པ་བརྩེ་འདང་གི་རུ་མར་ཆགས། དེ་ནི་བརྒྱུད་རིམ་ཞིག་རེད་དེ་ལོ་ཟླ་ཞིག་ཀྱང་ཡིན་ནོ།
       སྐར་ཚོགས་ཀྱིས་མཛེས་སྡུག་གི་རྨི་ལམ་སྩོལ་མི་སྲིད་ནའང་། ཁྲ་ལམ་མེར་ཤར་བའི་སྐར་ཚོགས་དེ་དག་གིས་ང་ལ་མཚམས་རེ་དྲན་ཤིང་དང་གསལ་འདེབས་གནང་གིན་འདུག ཡིན་ནའང་། ང་ལ་སྐར་ཚོགས་ལྟ་བུའི་མཛེས་སྡུག་གི་རྨི་ལམ་མི་དགོས་མོད། རྨི་ལམ་གྱི་མངའ་ཐང་སྲུང་བའི་ཁྱོད་རང་དགོས། ཁྱོད་རང་གཅིག་པུ་དགོས། དེ་ལ་འདང་བརྩེ་ཟེར་རམ།
       འཁོར་བ་བར་མེད་དུ་འཁོར་ནས་སྐྱིད་སྡུག་རབ་ཁ་གྲངས་མེད་བརྒལ་དགོས་མོད། བརྩེ་དུང་གི་སྐྱིད་སྡུག་གི་རབ་ཁ་འདི་ཤི་གསོན་ལྟ་བུའི་འགག་འཕྲང་མིན་ནའང་། ཤི་གསོན་ལྟ་བུའི་སྡུག་བསྔལ་གྱི་མངར་ཁ་མྱོང་དགོས་པ་འདི་ལ་བརྩེ་དུང་གི་ལས་དབང་དུ་འབོད་དམ། གང་ལྟར་སེམས་སུ་སིམ་ཟིན་པའི་སྐྱེ་འགྲོ་གང་མང་ལས་ཁྱོད་རང་གཅིག་པུ་འདི་ལྟར་ངའི་ཚེ་སྲོག་གི་གཡང་དུ་ལྷུང་། རེད་ཡ། ཁྱོད་རང་དགོད་ཙམ་བྱས་རྗེས་སྔར་བཞིན་འཛུམ་ཙམ་བྱེད་པ་དེ་ཡིས་ང་ལ་དྲན་ཤིང་རིང་མོ་ཞིག་འཇོག་གིན་འདུག དྲན་ཤིང་རིང་མོ་ལ་བརྒྱུས་པའི་སྐྱིད་སྡུག་གི་ལོ་ཟླ་འདི་དག་དངོས་གནས་མགྱོགས་པ་ལ། མགྱོགས་དྲགས་པ་ཐུན་གཅིག་གི་རྨི་ལམ་ནང་བཞིན་རེད་ཨང་།
       འདས་ཟིན་པ་ཕྱིར་འདང་ཕྲན་བུ་ཞིག་བརྒྱབ་ན། འདྲིས་ལོབས་ཀྱི་གོ་རིམ་དེ་དག་དངོས་གནས་སྙིང་ཉེ་བ་ལ། མེ་ཏོག་ཅིག་གསོ་བ་ལྟ་བུའི་བརྒྱུད་རིམ་དེ་དག་ཡིད་ངོར་ཤིན་ཏུ་མཛེས་པ་ལ། སྐད་ཆ་ཚིག་གཅིག་ལབ་པར་སྔ་འདང་ཕྱི་འདང་རྒྱག་པའི་ཞིབ་ཚགས་གཟབ་ནན་གྱི་ཚུགས་ཀ་དེ་ཡང་དེ་ལྟར་སྙིང་ཉེ་ཞིང་ཡིད་ངོར་དེ་འདྲའི་འབབ་པ་ཞིག དེ་དག་ནི་ཡོད་ཚད་མཛེས་སྡུག་གི་གོ་རིམ་ཞིག་ཏུ་ཅིས་ཀྱང་བསམ་འོས་སོ།།
       དངོས་གནས་རེད་ཨང་། རྒྱུས་མེད་མི་ཚོགས་ཀྱི་ཁྲོད་ནས་རྒྱུས་ཡོད་ཀྱི་མི་ཞིག་འཛུམ་དམུལ་ལེར་ཡོང་རྒྱུ་དེ་ཡིད་སེམས་ཤིན་ཏུ་འཁྲེང་པ་ཞིག དེ་བཞིན་རྒྱུས་ཡོད་ཀྱི་མི་ཚོགས་ཁྲོད་ནས་ཞེ་འདྲིས་པའི་མི་ཞིག་ལྷང་ངེར་ཡོང་རྒྱུ་དེ་ཡང་ཡིད་སེམས་གཏད་ས་ཞིག་རེད། རྒྱུ་རྐྱེན་སྣ་ཚོགས་པའི་ཁྲོད་ནས་ཁྱོད་རང་འདི་ལྟར་ངའི་ཉེ་སར་བཅར་བྱུང་། འདི་ནི་འུ་ཚོས་འབོད་པའི་ལས་དབང་ཞེས་པ་དེ་རེད་དམ།
       བགྲོད་སའི་གནས་དེ་ཕྱིར་དྲན་གྱི་ངོས་སུ་རྟག་ཏུ་གསལ་བ་ཞིག་རེད། བཤད་པའི་གཏམ་ཡང་ཤིན་ཏུ་བརྗེད་མི་བཏུབ་པ་ཞིག་རེད། ལོ་ཟླ་འདི་དག་ལ་མཚོ་འགྲམ་དང་རྩྭ་ཐང་དུ་ངའི་བརྩེ་དུང་གི་རྨི་ལམ་གྱི་རི་མོ་ཕབ་ཡོད། ང་ཡི་སྐར་མའི་རྨི་ལམ་ཀྱང་དེ་གར་ལུས་ཡོད།
       གཏམ་རྒྱུད་ཀྱི་ཕྱི་ནང་དུ་ལུས་པ་དག་ཁ་རོག་གེར་སེམས་སུ་ཉར་བ་ལས་གཏམ་རྒྱུད་ཀྱི་ཕྱི་ནང་མཐའ་དག་སྨྲ་བར་མི་སྤོབས། ཡིན་ནའང་། ང་ཡི་སྐར་མ་དང་ཁེར་རྐྱང་གི་ཕྱི་ནང་འཇལ་བྱེད་ཀྱི་སེམས་ཀྱི་ཐ་སྙད་མཐའ་དག་སྙན་ངག་ལ་བཅོལ་བར་མོས་སོ། །
       ལོ་ཟླ་ཞིག་འདི་ལྟར་ཟད་ནས་འདས་སྲིད་ནའང་། ཁེར་རྐྱང་དུ་ལུས་པའི་ཁྱོད་དང་འབྲེལ་བ་དག་མཚན་མོའི་སྐར་ཚོགས་བཞིན་སྔར་བཞིན་ཁྲ་ལམ་མེར་འཆར་ངེས། ངས་དེ་ལ་བལྟས་ནས་རྟོག་བཏགས་ཀྱི་ནམ་མཁའ་དང་འབྲེལ་བའི་བློས་བསླངས་ཤིག་བྱས་ཆོག དེ་ཡང་ལོ་ཟླ་འདི་དག་ལ་སྙན་ངག་ཅེས་པ་འདི་སེམས་ཀྱི་གཏད་སོ་བྱས་པ་ཡིན་ནམ། གང་ལྟར་ཁྱོད་དང་འབྲེལ་བ་ཡོད་པ་ཡོད་ཚད་སེམས་སུ་བསྒོམས་པས་ཡིན། ཡིག་འབྲུ་རེ་རེའི་བར་གསེང་ནས་སྐྱོ་གདུང་དང་འཁྲེང་ཞེན། རེ་སྒུག་དང་བརྩེ་བ། ལས་དབང་དང་འདས་སོང་། འཁང་ར་དང་ཕྱིར་དྲན་མཐའ་དག་ཡོད་པས། ཁྱོད་ང་ཡི་སྐར་མ་དང་ཁེར་རྐྱང་དུ་གྲུབ་པ་རེད།
       “ནམ་མཁའ་སྐར་མས་ཡ་ལ་གང་སོང་། སྐར་ཆེན་འདྲ་བ་ཡ་ལ་མི་འདུག”ཅེས་པ་ནང་བཞིན། མི་ཚོགས་ཁྲོད་ཀྱི་ཁྱོད་རང་གློ་བུར་གློ་བུར་དུ་སེམས་སུ་ཟུག་ཡོང་ཞིང་དུངས་ཡོང་བ་ཞིག་རེད། དེ་ཡང་ལོ་ཟླ་འདི་དག་གི་རེ་སྒུག་དང་འཁྲེང་ཞེན་མིན་ནམ།
       མྱོང་རོལ་གྱི་ཁམས་ཡངས་ཤིང་། འཕྱི་དྲགས་པའི་བརྩེ་དུང་དང་ཐུག་འཕྲད་གསེར་ལྟར་དཀོན་པ་དེ་སྐར་མའི་མིག་ཟུང་ཀེམ་ཀེམ་དུ་གཡོ་བ་དེ་དཔེའི་རྣམ་པས་སྙིང་སྡུག་སྙིང་གི་ཚི་ལུ་ལྟ་བུའི་སེམས་ཀྱི་རྐུན་མ་སྙིང་ཉེ་མ་དེའི་སྤྱན་གྱི་ཟུར་མིག་ཕྲ་མོ་སེམས་པའི་སྙི་སས་མྱོང་གིན་ཡོད་པའི་ཚོར་བ་དྲག་པོ་ཞིག་སྟེར་ཐུབ་མིན་མི་ཤེས་མོད། ལོ་ཟླ་འདི་དག་ལ་བྲིས་པའི་སྙན་ངག་དག་གི་ནང་སྙིང་ལ་བསྟིམས་པའི་ཁྱོད་རང་ངའི་སྙན་ངག་ཅེས་པར་བློ་གཏད་དགོས་པའི་རྒྱུ་མཚན་མིན་ནམ།
       སྙན་ངག་གིས་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཀློང་ཡངས་པའི་ཁམས་སུ་བསྐྱལ་ཏེ། ཡུལ་དང་དུས་ཀྱི་བར་ཐག་ལ་བརྒྱུས་པའི་དྲན་གདུང་གི་སྐྱོ་བ་སངས་བར་རམ་འདེགས་གནང་ནའང་། ང་རང་ལན་རེར་རྒྱང་རིང་གི་ཡུལ་དུ་ཁྲིད་དེ་འཁྲུལ་སྣང་གི་དབྱིངས་སུ་སྤུར་མྱོང་། འདི་ཡང་བདེ་སྐྱིད་ཅིག་མིན་ནམ།
       རྙོག་འཛིང་བྲེལ་ཟིང་གི་འཇིག་རྟེན་འདི་ནས་མིའི་རིགས་ཀྱིས་གཅིག་མཐུན་ངང་རེ་སྙེག་བྱེད་ས་ནི་བདེ་སྐྱིད་ཡིན་མོད། མི་རེ་རེའི་ལས་དབང་སོགས་རྒྱུ་མཚན་མང་པོ་ཞིག་གིས་ནམ་ཡང་དམིགས་འབེན་དུ་གྱུར་བ་དེ་རང་སྐལ་དུ་ཡོང་ཐབས་བྲལ། ཡིན་ནའང་། མི་རེ་རེའི་སེམས་སུ་གྲུབ་ཟིན་པའི་རྨི་ལམ་གྱི་འཇིག་རྟེན་ཆུང་ཆུང་དེ་རུ་ནམ་ཡང་བྱ་རྒོད་བཞིན་ནམ་འཕང་གཅོད་པའི་འཚོལ་སྙེག་དེ་ནི་རིགས་མི་འདྲ་བ། ཟུར་མི་འདྲ་བ་སོགས་མང་དུ་མཆིས། དེ་བཞིན་དུ་བདེ་སྐྱིད་ཅེས་པར་ངོས་འཛིན་སྟངས་མི་འདྲ་བའི་དབང་གིས་སོ་སོར་གྱེས་ཤིང་སླར་ཡང་སྟན་ཐོག་གཅིག་ཏུ་འཛོམས་པ་མིན་ནམ། དེ་བས། ངས་ཀྱང་ཟུར་དང་ངོས་མི་འདྲ་བའི་སྣེ་མང་པོ་ཞིག་ནས་སྙན་ངག་འདི་དག་གྲུབ་པ་ཡིན།
       ཀློག་པ་པོ་ཁྱོད་རང་དེབ་ཆུང་འདི་ཡི་ཕྱི་ནང་ཁ་ཚང་སྐྱ་ཐིག་གསུམ་དེད་དེ་སོང་ན་ཆོག་སྟེ། སྐྱ་ཐིག་གསུམ་གྱི་མཐོང་སྣེ་ནས་བལྟས་ན་དེབ་ཆུང་འདིའི་གཏམ་རྒྱུད་ཀྱི་སྒྲིག་གཞི་དང་བྱུང་རིམ་མཐའ་དག་གསལ་ལེར་མཐོང་ཐུབ། ཡིན་ནའང་། གཏམ་རྒྱུད་དུ་ལུས་པའི་སྐྱིད་སྡུག་ཡོད་ཚད་རང་ཉིད་གཅིག་པུའི་སེམས་སུ་ཧ་ཅང་གསལ། དེ་བས་ཀློག་པ་པོ་ཁྱོད་ཀྱིས་སྙན་ངག་རེ་རེའི་གསེང་ནས་བག་ལ་ཞ་བའི་གཉུས་གཤིས་ཀྱི་བདེན་པ་དང་རྩོམ་རིག་གི་རང་མདངས་ཤིག་མཐོང་ཐུབ་པར་ང་ལ་ཡིད་ཆེས་ཅི་ཡང་མེད། ཡིན་ནའང་། སྐྱ་ཐིག་གསུམ་གྱི་གང་རུང་ཞིག་གི་སྣེ་ནས་སྔར་བཞིན་འཚོ་བའི་མཐར་ཐུག་གི་གནས་བབ་དང་བརྩེ་བའི་འདུན་པ། བརྩེ་དུང་དང་ཁྲེལ་གཞུང་གི་ངོས་ཤིག་མཐོང་བར་ང་རང་གི་སྙན་ངག་དག་ལ་གདེང་ཚོད་ཆུང་ངུ་ཞིག་འདུག
       སྙན་ངག་ནི་ཚོར་བ་ཙམ་གྱིས་བྲི་ཐུབ་པ་ཞིག་ལར་ནས་མིན་པ་ནང་བཞིན་དུ། རང་གིས་བྲིས་པའི་སྙན་ངག་འདི་དག་ཀྱང་འཚོ་བའི་མངར་སྐྱུར་གྱི་རབ་ཁ་དག་ནས་དགའ་སྐྱོ་ཆགས་སྡང་གི་ཚོར་འདུའི་རི་མོ་ཡི་གེའི་གཟུགས་སུ་བཏབ་པ་ཞིག་ཡིན། དེ་ན་སྙན་ངག་འདི་དག་དགེ་སྡུག་གི་སྤང་བླང་སྔར་བཞིན་ཀློག་པ་པོ་ཁྱེད་ཅག་གི་འོས་སུ་སྤྲོད་པར་བྱའོ། །
       དེས་ན་སྔར་བཞིན་ཀློག་པ་པོ་ཁྱོད་རང་ཁྲིད་དེ་དེབ་ཆུང་འདི་ཡི་སྐྱ་ཐིག་གསུམ་དང་འབྲེལ་ནས་གཏམ་རྒྱུད་ཀྱི་ཀློང་ཁམས་ཤིག་ཏུ་མཉམ་དུ་ཐེངས་གཅིག་ཆས། དེབ་ཀྱི་སྤྱི་ནས་བལྟས་ཚེ་སྐྱ་ཐིག་གསུམ་གྱིས་གྲུབ་ཡོད་ཅིང་། སྐྱ་ཐིག་གཅིག་ནི་སྐར་མ་དང་འབྲེལ་བའི་དགའ་སྐྱོ་ཆགས་སྡང་གི་གྲིབ་རིས་དང་བརྩེ་དུང་གི་གཏམ་རྒྱུད། ཡིད་ཆེས་དང་འཁྲེང་ཞེན། དགའ་དུངས་དང་དྲན་ཤིང་། ཁྲེལ་གཞུང་དང་བརྩེ་བ། འཕྱི་དྲགས་པའི་ཐུག་འཕྲད་ཀྱི་ཕངས་སེམས་ལ་བརྒྱུས་པའི་སྙན་ངག་དག་ཡིན་ལ། སྙན་ངག་དེ་དག་དེབ་ཀྱི་སྲོག་ཤིང་ངམ་གཙོ་གྲས་སུ་ཆགས་ཡོད་ལ། དེབ་ཆུང་འདི་ལག་ཏུ་བླངས་མ་ཐག་ཐོག་མར་ཁྱོད་རང་དེ་ལྟ་བུའི་ཞིང་ཁམས་ཤིག་ཁྲིད་འགྲོ་ཞིང་། དེབ་ཆུང་གི་གནད་ཀྱི་དམ་པའང་འདི་ཡིན་ནོ། །
       སྔར་བཞིན་ཁྱོད་རང་ཁྲིད་དེ་སོང་ན། སྐྱ་ཐིག་གཉིས་པ་ནི་རང་ཉིད་ཀྱི་འཚོ་བ་དང་ཕ་ཡུལ་ལ་འབྲེལ་དམ་པོ་ཆགས་ཡོད། ཕ་ཡུལ་དང་ཕ་མ་གཉེན་མིའི་སྐོར་ལ་སྙན་ངག་ཀྱང་སྐོར་ཅིག་བྲིས་ཡོད། འདུ་བྲལ་དང་འཁྲེང་ཞེན། རེ་སྒུག་དང་བློས་གཏོང་གི་འགལ་འདུའི་བར་དུ་ལུས་པའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཚོར་བའི་ཁམས་དང་ཡིད་ཀྱི་གདུང་ལ་བཅངས་ནས་བྲིས་པའི་སྙན་ངག་འདི་དག ཁྱོད་ཀྱིས་སྔར་བཞིན་དེབ་ཆུང་འདིའི་དཀྱིལ་སྙིང་གཉིས་པའམ་སྐྱ་ཐིག་གཉིས་པར་བརྩིས་ནས་བཀླགས་ཆོག ཡང་ན་དེབ་ཆུང་འདིའི་ངོས་གཞན་ཞིག་ཀྱང་ཡིན་ནོ། །
       དེས་ན་མཐའ་མའི་སྐྱ་ཐིག་གི་གཏམ་རྒྱུད་ལ་ཉན་པར་ཁྲིད་ན། དེ་ནི་རང་གི་མི་ཚེའི་ཁྲོད་ཀྱི་ཆེས་གལ་འགངས་དང་འཐུས་ཤོར་དུ་སོང་བའི་དོན་དག་དང་འབྲེལ་ནས་བྲིས་པའི་སྙན་ངག་དག་ཡིན་ལ། རང་གི་བུ་ཆུང་དང་འབྲེལ་བ་ཡོད་པ་དག་དང་རང་གི་འཐུས་ཤོར་དུ་སོང་བའི་མི་ཚེ་དང་འཚོ་བ་དང། འདས་སོང་གི་མི་དང་གཏམ་རྒྱུད་ལ་བྲིས་པའི་སྙན་ངག་སྐོར་དེ་ཡིན། སྙན་ངག་འདི་དག་གི་ཀློང་ཁམས་ནས་སྔར་བཞིན་ཁྱོད་ལ་དགའ་སྐྱོ་འདྲེས་མའི་སེམས་ཁམས་དང་འགལ་འབྲེལ་གྱི་ཚོར་བ་ཞིག་གིས་གཙེས་ཡོང་ངེས། དེ་བས་སྙན་ངག་འདི་དག་གི་སྐྱིད་སྡུག་གི་དཔུང་རོགས་ཁྱོད་རང་ཡིན་འོས།
       ཁྱོད་ཀྱང་དེབ་ཆུང་འདི་ཡི་ཉིན་སྲིབ་ཉུལ་ནས་མཚམས་འདིར་ཐོན་དུས་ཅིས་ཀྱང་ཕྱིར་རྟོག་ཅིག་བྱ་དགོས་ཏེ། བརྩེ་བ་དང་ལང་ཚོ་ལ་བརྒྱུས་པའི་སྙན་ངག་འདི་དག་གིས་དོན་དམ་ཅི་ཞིག་ཤོད་འདུག་གམ། ཡང་ན་རེ་སྨོན་དང་སེམས་འདུན་གང་ཞིག་མངོན་འདུག་གམ། ཐེ་ཚོམ་འདི་དག་འཁྱེར་ནས་སྔར་བཞིན་དེབ་ཆུང་འདི་ཡི་སྐྱིད་སྡུག་གི་ལས་དབང་གི་ཁ་ཕྱོགས་གསལ་ལེར་ཁྱོད་ཀྱིས་མཁྱེན་སྲིད་དམ།
       སློབ་ཆེན་མཐར་ཕྱིན་རྗེས«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་ནས་རྩོམ་སྒྲིག་པའི་ལས་ཀ་ལོ་ངོ་དགུ་ལ་གཉེར་བའི་བརྒྱུད་རིམ་དུ། རང་ཉིད་ཀྱི་དཔེ་ཀློག་དང་རྩོམ་འབྲི་ལའང་ཤུགས་རྐྱེན་དང་རམ་འདེགས་གང་ལ་གང་འཚམ་བྱུང་ཞིང་། ལོ་ངོ་དགུ་ལ་དཔེ་ཀློག་ལས་རྩོམ་འབྲི་ཉུང་དུ་ཕྱིན་པ་ལྟ་བུ་ཞིག་བྱུང་ནའང་། གཞན་རྩོམ་མང་པོ་བཀླགས་པའི་གོ་སྐབས་ཀྱང་ཡོད་པ་དེས་རྩོམ་རིག་ངོས་ཐད་ཀྱི་ལྟ་བ་དང་ངོས་འཛིན་ལའང་འགྱུར་ལྡོག་ཡང་དང་བསྐྱར་དུ་བྱུང་། རྩོམ་སྒྲིག་ཁང་དང་གྱེས་རྗེས་རྩོམ་འབྲིའི་ཤུགས་ཆེ་རུ་བཏང་ནས་སྙན་ངག་དང་ལྷུག་རྩོམ་ལ་རང་སེམས་དམ་པོར་བཏགས།
       སྔར་བཞིན་དེབ་ཆུང་འདི་ཡི་སྐྱིད་སྡུག་མཐའ་དག་སྔར་བཞིན་ཀློག་པ་པོ་དང་སྐར་མར་ཕུལ་བ་ཡིན།
       བུ་ཆུང་།
       བོར་ཟིན་པའི་རྩྭ་ཐང་དང་གངས་རི་བསྐྱུར་ཞོག
       རང་གི་རྣམ་ཤེས་ལ་ཐོགས་པའི་དྲན་གདུང་འདི་ལ་ཅི་བྱ།
       ནམ་མཁར་འཕུར་བའི་བྱ་ཁྱུ་དང་སྤྲིན་པ་གཡུགས་ཞོགལུས་སེམས་ངལ་དུ་ཚུད་པའི་བར་ཐག་འདི་ལ་ཅི་བྱ།
       ས་རུབ་ནས་སྐར་ཚོགས་སྔར་བཞིན་ཤར་ཡོང་ནའང་།
       འུ་གཉིས་ལ་འདི་ལས་དུས་ཆད་གཞན་ཞིག་ཡོད་པ་མིན་ནམ།
       གླེང་མི་ཤེས་པ་དག་ལ་བསམ་བློ་མི་གཏོང་།
       དྲན་གྱིན་ཡིད་སེམས་ཐང་དུ་ལྷུང་བའི་སྐྱོ་གདུང་འདི།
       དོ་ནུབ་འུ་གཉིས་ཀྱིས་ཟླ་བར་བཅོལ་ལམ།
       སྔར་བཞིན་ཨ་ཕས་འཁུར།
       རྨི་ལམ་ལས་སད་རྗེས།
       སྔར་བཞིན་ཁྱོད་རང་ངའི་པང་དུ་མེད་པ་འདི་སྐྱོ་ཨང་།
       འཁོར་བའི་ཐ་སྙད་ཀྱི་ངོས་སུ་སྐྱེས་པའི་སྐར་མའི་མིག་ཟུང་དུ། དགའ་སྐྱོ་ཆགས་སྡང་ཁུར་བའི་རྟ་ཕོ་འཚེར་སྐད་ལྷང་ལྷང་ཐོན་དུས། ཁྱོད་ཀྱིས་ག་རེ་ཐོས་བྱུང་། ག་རེ་མཐོང་བྱུང་། ངས་ནི་སྡུག་བསྔལ་ལ་མེ་མུར་འདེབས་པའི་གདུང་བའི་ཚག་སྒྲ་ཐོས་བཞིན་པ་འདྲ། ངས་ནི་ཞེ་འདང་ལ་ཉི་ཐིག་འཐེན་པའི་ལང་ཚོའི་སྙིང་རུས་མཐོང་བཞིན་པ་འདྲ། ངས་ད་དུང་། འཁོར་བའི་ནང་གི་འཇགས་ཐབས་མེད་པའི་སྐྱིད་སྡུག་གི་དྲིལ་ཆེན་དྲིལ་ཆུང་འཁྲོལ་བཞིན་པ་ཐོས་པ་འདྲ། ངས་ད་དུང་ཐ་སྙད་ཀློང་གི་འགྲེལ་བར་ཁག་པའི་ཡིད་བརྙན་གྱི་སྐར་ཆེན་སྐར་ཆུང་འཆར་བཞིན་པ་མཐོང་བ་འདྲ། མིག་ཟུང་དེ་ལས། སྐར་མ་དེ་ལས། ངས་སྡུག་བསྔལ་ལས་བདེ་སྐྱིད་མཐོང་བ་འདྲ། བདེ་སྐྱིད་ལས་སྡུག་བསྔལ་གོ་བ་འདྲ། ཡང་ན་ང་ཡིས་ཁྱོད་ལ་བཤད་འདོད་ཀྱི་སྐད་ཆ་དག་ཀྱང་སྐར་མའི་མིག་ཟུང་དུ་འཁྱུད་འདུག་པ་འདྲ། ཀྱེ། ཀློག་པ་པོ། ཁྱེད་ཀྱིས་ག་རེ་གོ་བྱུང་། ག་རེ་མཐོང་བྱུང་།
---མོག་བུ་ཡེ་ཤེས་སྐྱབས།

       མཚོ་སྔོན་པོ་རྐང་ཚའི་ཕྱོགས་ཀྱི་ན་གཞོན་ཇུས་འགོད་པ་བྲག་རྡོའམ་དེབ་འདིའི་བྱེད་པོ་རྡོ་རྗེ་ཚེ་རིང་ལགས་ནི་གུས་པས«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»གྱི་ལས་ཐོགས་རྩོམ་སྒྲིག་པ་ལས་རིམ་གྱིས་ངོ་ཤེས་པ་ཡིན་ལ། རྩོམ་སྒྲིག་དང་རྩོམ་འཇུག་ལ་རང་གི་ཁྱད་ཆོས་མངོན་ཡོང་བའི་ན་གཞོན་འདིས་རང་གི་སྒྱུ་རྩལ་གྱི་མིག་ཟུང་དང་དཔྱོད་པའི་བློ་མིག་ལ་བརྟེན་ནས་དཔེ་དེབ་པར་སྒྲིག་དང་ཇུས་འགོད་ཀྱི་ཕྱོགས་ནས་ངོམ་དུ་རུང་བའི་ཇུས་འགོད་བརྩམས་ཆོས་ཀུན་གྱི་སྤྱན་སྔར་བསྟར་ཡོད་པས། ཇུས་འགོད་ལ་དགའ་བའི་རིག་པ་འདི་ཁོ་ནས་ཀྱང་སྒྱུ་རྩལ་ལ་དགའ་བའི་ཟུར་རེ་ཟུང་རྙེད་ཐུབ། གཞན་ཁོང་གིས་བོད་ཁུལ་གྱི་དུས་དེབ་དང་གཞུང་སྒེར་གྱི་གསར་ལམ་སྣ་ཚོགས་སྟེང་རང་གི་སྐྱིད་སྡུག་མཚོན་བྱེད་དང་གཞན་གྱི་སེམས་འདུན་ཚོར་ཐུབ་པའི་ལྷུག་རྩོམ་དང་སྙན་ངག་མང་དུ་བྲིས་ཏེ་སྤེལ་ཡོད་པས། འདི་དག་གིས་གཅིག་ནས་མི་བུ་གཅིག་ལ་གཏམ་རྒྱུད་སྣ་ཚོགས་འཆད་རྒྱུ་ཡོད་པ་དང་འཆར་ཡན་གྱིས་ཕྱུག་ཅིང་ཡིད་གདུང་གིས་ཁེངས་པའི་མི་བུ་ཞིག་ཡིན་པ་ཡུན་གྱིས་ཚོར་ཐུབ། ཁོང་གི་སྨྱུག་འོག་ནས་འཁྲུངས་པའི་སྙན་རྩོམ་དག་ལ་སྐབས་རེར་ཁེར་རྐྱང་གི་བརྗོད་པ་ཤུགས་ཆེ་ཞིང་ཡིད་གདུང་གིས་ཁེངས་པའི་ཉམས་རེ་ཟུང་མཐོང་ཐུབ་པས། འདི་རིགས་ནི་འཚོ་བའི་ཆ་ཤས་དང་སྤྱི་ཚོགས་ཀྱི་མཐོང་སྣེ་རེ་ཟུང་ལ་འབྲེལ་ཆེ་བས་ཡིན་ནམ་ཞེས་ཀྱང་འདྲི་འདོད། སྐབས་རེར་ཁོང་གི་སྙན་རྩོམ་དག་ལ་བུད་མེད་ཀྱི་རིང་ལུགས་དང་བར་ཐག་བརྗོད་པ་ཅན་གྱི་བརྩེ་དུང་གི་དྲི་བསུང་སྣ་ཚོགས་ཁྱབ་ཡོད་པས། ཞེན་ཆགས་ལྕི་ཞིང་སྐྱོ་སྣང་གིས་ཁེངས་པའི་མི་བུ་ཞིག་གི་འདས་ཟིན་གྱི་དྲན་པ་དང་ལང་ཚོ་ལ་ཕྱིར་རྟོག་རེ་ཟུང་བྱ་ཐུབ། ཐེངས་འདིར་ཁོང་གིས་ལོ་མང་རིང་སེམས་སུ་ཉར་བའི་སྙན་ངག་གསར་རྩོམ་གྱི་ངོས་སྣ་ཚོགས་གཅིག་ཏུ་བསྡུས་ནས«འཁོར་བའི་རྟ་ཕོ»ཞེས་པའི་སྙན་དེབ་ཅིག་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་པས། འདི་ལས་བོད་རྩོམ་འཕེལ་རྒྱས་ཀྱི་ངོས་གསར་བ་ཞིག་མཐོང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ལ། ན་གཞོན་གསར་རྩོམ་པ་ཞིག་གི་བློ་སྤོབས་དང་ཕུགས་རྒྱང་མཐོང་ཐུབ་པའི་གདེང་ཚོད་ཀྱང་ཡོད།
---རྩེ་སྟོད་འགྱུར་མེད་རྒྱ་མཚོས།
རྩོམ་པ་པོ་ངོ་སྤྲོད།
       བྲ་ཚ་བ་རྡོ་རྗེ་ཚེ་རིང་། དགུ་བཅུའི་སྟོད་དུ་མཚོ་སྔོན་པོ་རྐང་ཚར་སྐྱེས། 2014ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། «མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་དུ་གཙོ་སྒྲིག་གཞོན་པ་དང་རྩོམ་སྒྲིག་པའི་ལས་ཀ་ལོ་ངོ་དགུ་ལ་གཉེར། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། «སྦྲང་ཆར» «གངས་རྒྱན་མེ་ཏོག»སོགས་སུ་སྙན་ངག་ཁ་ཤས་སྤེལ།
འབྲེལ་ཡོད་འོས་སྦྱོར།