logo

«དགེ་བཤེས་ཤེས་རབ་རྒྱ་མཚོའི་བསམ་བློ་དང་གསུང་རྩོམ་ཞིབ་འཇུག»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-11-23 ཀློག་གྲངས།:
ཐོག་མའི་གླེང་སློང་བ།
       གཞུང་ལུགས་རབ་འབྱམས་རྒྱ་མཚོའི་མངའ་བདག །ལྔ་རིག་སྨྲ་བའི་མ་ཧཱ་པཎྜི་ཏ། རྒྱལ་གཅེས་ཆོས་གཅེས་ཀྱི་སྐྱེས་ཆེན་དམ་པ། མཁྱེན་རབ་ཀྱི་འོད་སྣང་ཕྱོགས་སུ་རྒྱས་པའི་རྣམ་དཔྱོད་ཅན། ཀུན་གྱིས་གུས་ཤིང་བཀུར་བར་འོས་པ་རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་དཔལ་བཟང་པོ་མཆོག་ནི། ཀྲུང་གོའི་ཉེ་དེང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་པའི་བསྟན་འཛིན་ཁྲོད་ཀྱི་སྐད་གྲགས་ཆེས་ཆེ་བའི་མཁས་པའི་དབང་པོ་དང་། ཀྲུང་གོའི་ནང་བསྟན་ལས་རིགས་ཁྲོད་ཀྱི་ཕུལ་དུ་བྱུང་བའི་མགོ་ཁྲིད་པ། ཆེས་ཁྱད་པར་དུ་འཕགས་པའི་བོད་རྒྱ་རིག་གནས་བརྗེ་རེས་པ། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་བཅས་ཡིན། དགེ་བའི་བཤེས་གཉེན་ཆེན་པོ་གང་ཉིད་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ(1884)ལོར་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་རྡོ་སྦིས་ཧོར་གྲོལ་བར་སྐུ་ཡི་མཚན་དཔེའི་མེ་ཏོག་མངོན་པར་བཞད། སྐུ་ན་ཆུང་ངུའི་དུས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཏེ་རབ་ཏུ་བྱུང་ཞིང་། སྔ་གཞུག་ཏུ་རྡོ་སྦིས་གྲྭ་ཚང་དགེ་ལྡན་འཕེལ་རྒྱས་གླིང་དང་། ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ། དབུས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་སོགས་སུ་བཅུ་ཕྲག་རིག་པའི་གནས་མཐའ་དག་དང་། ལྷག་པར་བཀའ་པོད་རྣམ་ལྔས་གཙོས་པའི་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་གསན་བསམ་སྒོམ་པ་མཐར་ཕྱིན་མཛད་ནས་མཁས་བཙུན་བཟང་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས་ཤིང་། ཕྱོགས་ཐམས་ཅད་ནས་འགྲན་པའི་ཟླ་དང་བྲལ་བའི་མཁས་པའི་གོ་འཕང་མཐོན་པོར་གཤེགས། དགུང་གྲངས་སོ་གསུམ་པ་སྟེ1916ལོར་དམིགས་བསལ་གྱི་ལྷ་རམས་པ་འཕར་མ་དང་། ནོར་བུ་གླིང་གའི་རྩོད་རྒྱུགས་ཆེན་མོའི་སྐབས་སུ་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས་ཤིང་།  གསུང་ལས་སྐྱེས་པའི་སློབ་བུ་ཡང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་། སྒོ་མང་མཁན་རིན་པོ་ཆེ་ཆོས་འཕེལ་རྒྱལ་པོ། ལྷ་རམས་པ་སྐལ་བཟང་རྒྱ་མཚོ། མཁས་དབང་དགེ་འདུན་ཆོས་འཕེལ། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། ང་ཕོད་ངག་དབང་འཇིགས་མེད། ཧོར་ཁང་བསོད་ནམས་དཔལ་འབར། ལོ་ཙཱ་བ་བློ་བཟང་ཆོས་འཕགས། ཀྲོའོ་ཕུའུ་ཁྲུའུ་སོགས་མཁས་པའི་དབང་པོ་མང་དུ་ཡོད། བཅིངས་འགྲོལ་སྔོན་ལ། རྒྱལ་བཙུགས་ཀྲུང་དབྱང་སློབ་གྲྭ་ཆེན་མོ་དང་། པེ་ཅིན་སློབ་གྲྭ་ཆེན་མོ། ཆིན་ཧྭ་སློབ་གྲྭ་ཆེན་མོ། ཝུའུ་ཧན་སློབ་གྲྭ་ཆེན་མོ། ཀྲུང་ཧྲན་སློབ་གྲྭ་ཆེན་མོ་བཅས་སློབ་ཆེན་ལྔ་ཡི་བོད་ཀྱི་རིག་གཞུང་སྟོན་པ་པོ་ཞེས་པའི་སློབ་དཔོན་ཆེན་མོ་དང་། རྒྱལ་ཡོངས་ཚན་ཀྲིན་ཚོགས་པའི་ཚན་ཀྲིན་ཡཱོན། རྒྱལ་བསྟན་རོགས་མགོན་སྒྲོལ་སྟོན་བསམ་གཏན་གྱི་སློབ་དཔོན་ཞེས་པ་སོགས་ཀྱི་མཚན་གྱི་ཅོད་པན་ཡང་གང་མང་ཞིག་བདག་གིར་བཞེས། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་། རིག་སློབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ནུབ་བྱང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་དང་གཉིས་པའི་འཐུས་མི། རྒྱལ་ཡོངས་སྲིད་གྲོས་སྐབས་གཉིས་པ་དང་གསུམ་པའི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོ་ནང་བསྟན་སློབ་གླིང་གི་གླིང་གཙོ་སོགས་ཀྱི་འགན་བཞེས། ཁོང་གི་སྐུ་ཚེ་གང་བོར་རྒྱལ་ནང་དུ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་གང་མང་མཛད་པར་མ་ཟད། རྒྱལ་ཁབ་གཞན་དག་གི་མི་དམངས་དང་ནང་བསྟན་པའི་བར་གྱི་མཛའ་མཐུན་གྱི་ལས་དོན་ལའང་བྱས་རྗེས་མི་ཉུང་བ་ཞིག་བཞག་ཅིང་། བོད་ཀྱི་རིག་གནས་དང་སློབ་གསོའི་ལས་དོན་འཕེལ་རྒྱས་ཐད་ལ་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། གཞུང་ཆེན་དུ་མ་ཞུ་དག་དང་རྒྱ་བོད་ཡིག་བསྒྱུར་བཅས་ཀྱི་ཐད་ལ་ཡང་མཛད་རྗེས་བླ་ན་མེད་པ་བཞག །དེ་བས་གཙོ་འཛིན་མའོ་ཙེ་ཏུང་དང་། ཀྲོའུ་ཏེ། ཀྲོའུ་ཨེན་ལེ་བཅས་ཀྱིས་“བོད་རིགས་མཁས་དབང་།” “རྒྱལ་གཅེས་བགྲེས་པོ་”ཞེས་བསྟོད་བསྔགས་མཛད་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤེས་རབ་རྒྱ་མཚོ་ནི་བོད་བརྒྱུད་ནང་བསྟན་ལས་རིགས་ཁྲོད་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་འཐུས་ཚབ་མི་སྣ་ཡིན་ཞེས་བསྔགས་བརྗོད་མཛད།
       དགེ་བའི་བཤེས་གཉེན་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་ལ་ཁྱོན་བསྡོམས་གསུང་རྩོམ་པོ་ཏི་བཅུ་ཕྲག་ལྷག་ཡོད་ཀྱང་། རྐྱེན་ངན་སྣ་ཚོགས་ཀྱི་དབང་གིས་ད་ལྟ་པོ་ཏི་གསུམ་ལས་བཞུགས་མེད། ཁོང་གི་གསུང་རྩོམ་ལ་སྤྱིའི་ཆ་ནས་སྙན་ངག་གི་བསྟན་བཅོས་དང་། ནང་རིག་གི་བསྟན་བཅོས། རིག་གནས་ཀྱི་བསྟན་བཅོས་བཅས་གཙོ་བོ་རིགས་གསུམ་ཡོད་པ་དང་། བྱེ་བྲག་ཏུ་བསྟོད་རྩོམ། གསུང་མགུར། ཀ་རྩོམ། བསླབ་བྱ། རྣམ་ཐར། རྟོགས་བརྗོད། གནས་ཡིག །ཆབ་ཤོག །ཞབས་བརྟན། གསོལ་འདེབས། སྨོན་ཚིག །མཆོད་བསྟོད། ལྷུག་རྩོམ། གཞུང་འགྲེལ། དགག་ཡིག །དཔྱད་གཏམ་བཅས་རིགས་སྣ་ཚོགས་མཆིས།
       རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་ཁོང་ལ་དོ་ཁུར་དང་ཞིབ་འཇུག་བྱེད་པའི་ཕྱོགས་གཙོ་བོ་ནི་ཁོང་གི་མཛད་པ་འཕྲིན་ལས་དང་ནང་རིག་གི་བསྟན་བཅོས་ཀྱི་ཀློག་འགྲེལ་ཡིན་ཞིང་། ཁོང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་ཞིབ་འཇུག་ནི་དུས་རབས་འདིའི་དུས་འགོ་ནས་འགོ་ཚུགས་པ་ཡིན། དེ་དག་ལས་བརྩམས་ཆོས་གཙོ་བོའི་གྲས་ནི། ལྷ་རམས་པ་སྐལ་བཟང་རྒྱ་མཚོའི་རྗེ་བཙུན་དམ་པ་པྲ་ཛྙཱ་ས་རའི་རྣམ་པར་ཐར་པ་ཕུན་ཚོགས་ལེགས་ལམ་གྱི་རྩེ་མོ་ཞེས་བྱ་བ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆའི་ཨུ་ཡོན་ལྷན་ཚོགས་ཀྱིས་བསྒྲིགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་ཞེས་པ། འཕྲིན་ལས་འོད་ཟེར་གྱིས་བརྩམས་པའི་རྗེ་ཤེས་རབ་རྒྱ་མཚོ་ཞལ་སྔ་ནས་རྣམ་པར་ཐར་པ་འཛམ་གླིང་གསལ་བའི་མེ་ལོང་།(རྒྱ་ཡིག) མགོན་པོ་བཀྲ་ཤིས་སྤྱི་སྒྲིག་པ་ཡིན་པའི་རྗེ་ཤེས་རབ་རྒྱ་མཚོའི་ཡིག་ཚགས་ཕྱོགས་བསྒྲིགས།(ཁྱོན་དེབ་དྲུག) མགོན་པོ་བཀྲ་ཤིས་ཀྱིས་གཙོ་སྒྲིག་བྱས་པའི་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་བསམ་བློའི་ཞིབ་འཇུག་གི་རྩོམ་བསྡུས(བོད་རྒྱ་ཡིག་འདྲེས་མ)དང་། བཀྲ་ཤིས་ཚེ་བརྟན་གྱི་རྗེ་བཙུན་ཤེས་རབ་རྒྱ་མཚོས་བོད་ཀྱི་རིག་གནས་དང་སློབ་གསོ་ལ་བཞག་པའི་མཛད་རྗེས་ལ་དཔྱད་པ(རྒྱ་ཡིག །རབ་འབྱམས་ཞིབ་འཇུག་སློབ་མའི་དཔྱད་རྩོམ)བཅས་ཡིན་ཞིང་། གཞན་ཡང་ཀྲུང་གོའི་བོད་རིག་པ(རྒྱ་ཡིག་དང་བོད་ཡིག་དུས་དེབ)གཙོ་བྱས་དུས་དེབ་ཁ་ཤས་སུ་ཁོང་གི་མཛད་རྗེས་དང་གསུང་རྩོམ་རེ་གཉིས་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཡང་ཅི་རིགས་བཀོད་ཡོད་མོད། བརྩམས་ཆོས་དེ་དག་ལས་ཁ་ཤས་ནི་ཡིག་ཚགས་ཕྱོགས་བསྒྲིགས་ཡིན་པ་དང་། ཁ་ཤས་ནི་མཛད་པ་འཕྲིན་ལས་ཀྱི་སྤྲོས་བརྗོད་ཙམ་ཡིན་པས། ཕྱོགས་ཡོངས་ནས་མགོ་མཇུག་བར་གསུམ་ཆ་ཚང་བའི་སྒོ་ནས་ཞིབ་འཇུག་བྱས་པ་ཉུང་། ཁོ་བོས་ཡིག་ཆ་དབྱེ་ཞིབ་ཀྱི་ཐབས་ལམ་དང་། ཞིབ་བསྡུར་དབྱེ་ཞིབ་ཀྱི་ཐབས་ལམ་སོགས་ལ་བརྟེན་ནས་ལེའུ་ལྔ་ཡི་བདག་ཉིད་ཅན་གྱི་བརྩམས་ཆོས་འདི་འབྲི་ཁུལ་བགྱིས་པ་ཡིན་ཏེ། ལེའུ་དང་པོ་ནི་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྣམ་ཐར་མདོར་བསྡུས་ཡིན་ལ། དེ་ལ་དོན་ཚན་གསུམ་གྱི་སྒོ་ནས་སྐུ་བལྟམས་པ་དང་རབ་ཏུ་བྱུང་སྟེ་རྒྱལ་བའི་བསྟན་པ་ལ་ཐོས་བསམ་བྱེད་ཚུལ་དང་གཞན་དོན་དུ་མཛད་པ་རྒྱ་ཆེར་བསྐྱངས་ཚུལ། བཅིངས་འགྲོལ་སྔོན་ནང་ལོགས་སུ་བསྐྱོད་དེ་བསྟན་འགྲོའི་བྱ་གཞག་བསྐྱངས་ཚུལ། དུས་སྐབས་གསར་པར་བསྟན་འགྲོའི་དོན་དུ་ཆབ་སྲིད་ཀྱི་ལས་དོན་ལ་ཞུགས་ཚུལ་བཅས་ལ་བགྲོ་གླེང་བྱས། ལེའུ་གཉིས་པ་གསུང་འབུམ་སྒྲིག་སྟངས་ཐད་ཀྱི་གནད་དོན་དང་གསུང་རྩོམ་སྤྱིའི་རིགས་དབྱེ་ལ། དོན་ཚན་གཉིས་ཀྱི་སྒོ་ནས་གསུང་རྩོམ་སྤྱི་དང་གསུང་འབུམ་སྒྲིག་སྟངས་ཀྱི་གནད་དོན་འགའ་དང་། གསུང་རྩོམ་གྱི་རིགས་དབྱེ་ལ་བགྲོ་གླེང་བྱས། ལེའུ་གསུམ་པ་ནི་གསུང་རྩོམ་གྲགས་ཅན་འགའི་འགྲེལ་བ་དང་སྙན་རྩོམ་གྱི་སྒྱུ་རྩལ་ཁྱད་ཆོས་ཡིན་ཞིང་། དོན་ཚན་བཞི་ཡི་སྒོ་ནས་གཞུང་འགྲེལ་གྱི་བསྟན་བཅོས་འགའི་བརྗོད་དོན་དང་ཁྱད་ཆོས་དང་། དགག་ཡིག་གྲགས་ཅན་འགའི་དཔྱད་པ། སྙན་ངག་གྲགས་ཅན་འགའི་འགྲེལ་བཤད། སྙན་ངག་གི་བསྟན་བཅོས་གྲགས་ཅན་འགའི་བཀྲོལ་ཀློག །ཁོང་གི་སྙན་རྩོམ་གྱི་སྒྱུ་རྩལ་ཁྱད་ཆོས་བཅས་ལ་དཔྱད་བརྗོད་བྱས། ལེའུ་བཞི་པ་ནི་དགེ་བཤེས་ཤེས་རབ་རྒྱ་མཚོའི་བསམ་བློའི་དཔྱད་བརྗོད་ཡིན་པ་དང་། དེ་ཡང་དོན་ཚན་གསུམ་གྱི་སྒོ་ནས། རྒྱལ་གཅེས་བསམ་བློའི་འབྱུང་རྐྱེན་དང་དེའི་མངོན་ཚུལ། འཇིག་རྟེན་མི་ཆོས་ཀྱི་བསམ་བློ། དམ་པའི་ལྷ་ཆོས་ཀྱི་བསམ་བློ་བཅས་ལ་དཔྱད་གླེང་བྱས། ལེའུ་ལྔ་པ་ནི་ཞུ་དག་དང་ཡིག་བསྒྱུར་གྱི་སྐོར་ཡིན་ཞིང་། དེ་ཡང་དོན་ཚན་གཉིས་ཀྱི་སྒོ་ནས། བུ་སྟོན་གསུང་འབུམ་དང་ཞོལ་བཀའ་འགྱུར་ལ་ཞུ་དག་བྱས་པའི་སྐོར་དང་། དེ་ལས་གཞན་པའི་ཞུ་དག་དང་ཡིག་བསྒྱུར་ཐད་ཀྱི་མཛད་རྗེས་ལ་དཔྱད་གླེང་བྱས་ཤིང་། ཞར་ལ་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྣམ་ཐར་ཆེ་ལོང་རྣམས་ཀྱི་ལོ་ཚིགས་བཀོད་པ་ཞེས་པ་ཞིག་ཀྱང་ཟུར་རྒྱན་དུ་བྲིས་ཡོད།
       བློ་གྲོས་དང་རྣམ་དཔྱོད་མུ་མཐའ་མེད་པའི་བདག་ཉིད་ཆེན་པོ་ཁོང་དང་ཁོང་གི་གསུང་རྩོམ་རྣམས་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པ། དུས་སྐབས་དེའི་ལོ་རྒྱུས་ཡིག་ཐོག་ཏུ་ཕབ་པ་ཉུང་བ། ལྷག་པར་ནང་རིག་པའི་བསྟན་བཅོས་དང་སྙན་ངག་གི་བསྟན་བཅོས་རྣམས་གོ་དཀའ་ཞིང་། རང་ངོས་ནས་ཀྱང་སྐྱེས་སྦྱངས་ཀྱི་ཡོན་ཏན་དམན་པ་དང་དུས་ཚོད་ཀྱི་ཁོམ་སྐབས་མེད་པ་སོགས་ཀྱི་དབང་གིས་རགས་པ་ལས་ཀྱང་ཆེས་རགས་པ་ཙམ་དུ་དཔྱད་བརྗོད་བྱས་པ་མ་གཏོགས། ཁོང་གི་གསུང་རྩོམ་གྱི་དངོས་ཤུགས་བརྒྱུད་གསུམ་གྱི་དོན་དང་དུས་སྐབས་དེའི་ལོ་རྒྱུས་རྣམས་ཞིབ་མོ་ཞིག་འགོད་མ་ནུས་ན་ཡང་། དགེ་བའི་བཤེས་གཉེན་ཁོང་དང་ཁོང་གི་གསུང་རྩོམ་ལ་ཞིབ་འཇུག་བྱེད་པའི་ས་བོན་ལྟ་བུ་ཞིག་འབྲི་ཁུལ་བགྱིས་པ་ཡིན་ནོ། །ཡིན་ན་ཡང་། ཁོ་བོ་ནི་སྲོལ་རྒྱུན་རིག་གནས་ལ་སྦྱངས་པ་ཕྱོགས་ཀུན་ནས་དམན་པས་མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཕྱོགས་ཙམ་རྟོགས་པ་ལས་བྱུང་བའི་འགལ་འཁྲུལ་ཅི་མཆིས་དག་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བཟོད་པར་གསོལ་བ་དང་། གལ་ཏེ་ལེགས་པའི་ཆ་ཆུ་ཐིགས་ཙམ་ཞིག་མཆིས་ན་རྗེ་ཉིད་ཀྱི་མཛད་པ་འཕྲིན་ལས་ཀྱི་སྲི་ཞུ་ཙམ་གྱི་རྒྱུ་རུ་འགྱུར་བར་སྨོན་པ་དང་བཅས་ཏེ།
       འདིར་སྨྲས་པ།
རབ་འབྱམས་གཞུང་ལ་མཁྱེན་པའི་འོད་སྣང་རྒྱས། །
རྣམ་དཔྱོད་ཟླ་བྲལ་རྒོལ་ངན་འཇོམས་པར་དཔའ། །
སྙན་ངག་རིན་ཆེན་བྱེ་བའི་མཛོད་ལ་དབང་། །
བཤེས་གཉེན་སྨྲ་བའི་རྒྱལ་པོར་གུས་པས་འདུད། །
དང་པོར་གཞུང་ལུགས་མང་དུ་ཐོས་པས་མཁས། །
བར་དུ་སྡོམ་གསུམ་དྲི་མས་མ་གོས་བཙུན། །
ཐ་མར་བསྟན་འགྲོའི་དོན་ཆེན་བསྒྲུབས་པས་བཟང་། །
སྙན་གྲགས་དུང་གི་སྒྲ་དབྱངས་འགགས་པ་མེད། །
རྒྱལ་བ་དགྱེས་པའི་ལམ་དང་མི་འགལ་ཞིང་། །
རྒྱལ་སྲས་སྤྱོད་པའི་ཐབས་མཁས་མཛད་བཟང་གིས། །
རྒྱལ་གཅེས་ཆོས་གཅེས་ཤཱཀྱའི་དགེ་སྦྱོང་ཞེས། །
ཆེན་པོའི་སྐྱེ་བོ་དག་གིས་བསྟོད་ཅིང་བསྔགས། །
གང་གི་ཐུགས་དགོངས་མཛད་འཕྲིན་བཀའ་རྩོམ་ལ། །
ཞིབ་ཏུ་འཇུག་པའི་ནུས་པ་མ་མཆིས་ཀྱང་། །
དཔྱོད་འདོད་སྒེག་མོའི་རེ་བ་སྐོང་བའི་ཕྱིར། །
སྤོབས་པ་བསྐྱེད་དེ་འཇུག་པ་འོས་མིན་ནམ། །
མང་ཐོས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་སོན། །
རླབས་ཆེན་རྒྱལ་སྲས་མཆོག་གི་མཛད་བཟང་བསྐྲུན། །
ཕན་བདེ་ལམ་བཟང་བསྒྲུབས་པའི་ངོ་མཚར་གཏམ། །
ཅུང་ཟད་བརྗོད་འདིའི་སྐལ་བ་བདག་ལ་ཐོབ། །
འདིར་འབད་དགེ་བའི་བསོད་ནམས་ཆ་གཏེར་ལས། །
ལེགས་འོང་དྲི་བྲལ་འོད་དཀར་ཟེགས་མ་ཡིས། །
སྲིད་གསུམ་རྨོངས་པའི་མུན་པ་རབ་བསལ་ཏེ། །
ཕན་བདེ་ལེགས་ཚོགས་སྣང་བ་རྒྱས་གྱུར་ཅིག །
                              ཅེས2023ལོའི་ཟླ5པའི་ཚེས4ཉིན་ལ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་མིང་ཙམ་འཛིན་པ་གྱི་ན་བ་སུམ་བྷ་རིན་ཆེན་བཀྲ་ཤིས་ཀྱིས་སྦྱར་བ་དགེའོ། །
རྩོམ་པ་པོ་ངོ་སྤྲོད།
       རིན་ཆེན་བཀྲ་ཤིས། མཚོ་སྔོན་ཁྲི་ཀའི་མི། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་སློབ་མའི་སློབ་སྟོན་པ། མཚོ་སྔོན་དགེ་འོས་སློབ་ཆེན་རིག་གཞུང་དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་པ་བཅས་ཀྱི་འགན་འཁུར་ཡོད། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་དངོས་གཞི་དང་ཞིབ་འཇུག་སློབ་མ་ལ་གཙོ་བོ་བོད་ཀྱི་གནའ་རྩོམ་དང་། བོད་ཀྱི་དེང་རྩོམ། རྩོམ་རིག་ཡིག་ཆ་རིག་པ། རྩོམ་རིག་གཞུང་ལུགས། རྩོམ་འབྲི་རིག་པ་བཅས་སློབ་ཁྲིད་བྱས་ཤིང་། ཞིབ་འཇུག་གི་ཐད་ནས་རིག་གཞུང་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་བ་དང་། «རྩོམ་རིག་གསར་རྩོམ་གྱི་རྣམ་བཤད»དང་། «རྩོམ་པའི་རྣམ་གཞག་རིག་པའི་སྒོ་འབྱེད»དང་། «དགེ་བཤེས་ཤེས་རབ་རྒྱ་མཚོའི་བསམ་བློ་དང་གསུང་རྩོམ་ཞིབ་འཇུག»བཅས་ཆེད་དེབ་གསུམ་པར་སྐྲུན་བྱས་ཤིང་། གཞན་དང་མཉམ་འབྲེལ་གྱིས«སློབ་ཆེན་བོད་ཀྱི་སྐད་ཡིག»དང་། «བོད་སྐད་ཡིག་གི་ཟུར་རྒྱན་སྐོམ་སེལ་བདུད་རྩིའི་ཆུ་རྒྱུན»(དེབ་དགུ)བསྒྲིགས་པ་དང་། «རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན»(སྟོད་སྨད་ཆ)སྒྲིག་རྩོམ་དང་། «སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད»ཅེས་པ་པོད་ཆེན་ཉི་ཤུའི་བདག་ཉིད་ཅན་འདེམ་སྒྲིག་བྱས་ཏེ་པར་སྐྲུན་བྱས། གཞན་ཡང་རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་ལ་འགོ་འཛིན་བྱས་པ་དང་། དཔྱད་འབྲས་ཁ་ཤས་ལ་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་གཟེངས་རྟགས་ཐོབ།
འབྲེལ་ཡོད་འོས་སྦྱོར།