logo

བུད་མེད་རྩོམ་པ་པོའི་དཔེ་ཚོགས(ཁག་གཉིས་པ)པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2023-12-22 ཀློག་གྲངས།:
       ཉེ་ཆར། བུད་མེད་རྩོམ་པ་པོའི་དཔེ་ཚོགས(ཁག་གཉིས་པ)ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས། དཔེ་ཚོགས(ཁག་གཉིས་པ)འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ལ་དམིགས་ཤིང་སྒོས་སུ་བོད་ཀྱི་བུད་མེད་རྩོམ་པ་པོའི་རྩོམ་འབྲིའི་སེམས་ཤུགས་ལ་སྐུལ་མ་གཏོང་ཕྱིར་ཆེད་དུ་བསྟབས་པའི་རྩོམ་རིག་གི་གར་སྟེགས་ཤིག་སྟེ།  རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་དཔེ་སྐྲུན་ཐད་མ་དངུལ་གྱིས་རོགས་སྐྱོར་ཐོབ་པའི་ལས་གཞི་ཞིག་རེད།
       དཔེ་ཚོགས་འདིའི་ནང་དུ་དཔལ་མོའི་སྙན་ངག«བདག་སེམས་ནམ་ཡང་ཁྱེད་ལ་ཕྱོགས»དང་། ཚེ་རིང་འཚོའི་སྙན་ངག«གཡུ་ཆུང་།» གཡུ་སྒྲོན་འཚོའི་སྒྲུང་གཏམ«གཟིམས་པ་མེད་པའི་སྒྲོན་མེ།» རྔ་བ་ཚེ་རིང་སྐྱིད་ཀྱི་སྒྲུང་གཏམ«རླུང་ནང་གི་གཤོག་པ།» ཧོར་མོའི་ལྷུག་རྩོམ«ལམ»བཅས་དེབ་ལྔ་བསྡུས་ཡོད་པ་དང་། དཔེ་ཚོགས་འདིའི་རྩོམ་པ་པོ་དག་ནི་བོད་ཀྱི་རྩོམ་སྟེགས་སུ་རྩོམ་པའི་བྱས་པ་གཟེངས་སུ་ཐོན་པའི་བུད་མེད་རྩོམ་པ་པོ་འབའ་ཞིག་ཡིན་ལ། ཁོ་ཚོ་ཡུལ་གྱི་ཆ་ནས་ཆོལ་ཁ་གསུམ་དང་། ལོ་ཚོད་ཀྱི་ཆ་ནས་རྒན་གཞོན་གཉིས་ཀ རྩོམ་ལུས་ཀྱི་ཐད་ནས་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག་བཅས་འདུས་ཡོད། དེབ་ཏུ་འཁོད་པའི་རྩོམ་ཡིག་དག་ཀྱང་ཁོང་རྣམ་པའི་བརྩམས་ཆོས་ལས་འཐུས་ཚབ་རང་བཞིན་ལྡན་པའི་ལེགས་རྩོམ་རྣམས་བསལ་གསེས་འདོར་ལེན་གང་ལེགས་བྱས་ཏེ་གྲུབ་པ་ཡིན། བརྗོད་བྱའི་ཐད་ནས་བལྟས་ན། ཁོ་མོ་ཚོས་དངོས་འབྲིའི་ཐབས་རྩལ་སྤྱད་ནས་རང་ཉིད་འཚར་ལོངས་བྱུང་བའི་མི་ཚེའི་མྱོང་བརྒྱུད་དང་། རང་བྱུང་ཁོར་ཡུག་ལ་བཅངས་པའི་བརྩེ་བ། བོད་རིགས་བུད་མེད་ཀྱི་ལས་དབང་ལ་གདུང་སེམས་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བཞག་ལ་རེ་སྨོན། ཕ་མ་རྒན་རྒོན་ལ་བྱམས་སྐྱོང་དང་ཉམ་ཆུང་གི་ཁྱུ་ཚོགས་མཐའ་ནས་སྐྱོར་བར་འབོད་སྐུལ་གཏོང་བ་སོགས་བདེན་དགེ་མཛེས་གསུམ་ལ་མངོན་པར་ཕྱོགས་ནས་སྤྱི་ཚོགས་ཧྲིལ་པོ་དྲང་ཕྱོགས་ཀྱི་ལམ་ཁར་དཀྲི་བར་འབད་ཡོད་པ་དང་། རྗོད་བྱེད་ཚིག་གི་ངོས་ནས་བལྟས་ན། མ་མཛངས་མ་ཞིག་གིས་གཅེས་པའི་བུ་ཆུང་ངག་གིས་འབོད་པ་བཞིན་བུད་མེད་ཀྱི་མཉེས་གཤིན་གྱིས་ཕྱུག་འདུག་པ་དང་། མི་རིགས་རིག་གནས་ཀྱི་མཁའ་དབུགས་སྟུག་པོ་ཞིག་དང་ས་གནས་རང་བཞིན་གྱི་དྲི་མ་སྣུམ་པོ་ཞིག་ཀུན་ནས་འཐུལ་ཡོད་ལ། བོད་རིགས་བུད་མེད་རྣམས་ཀྱི་སྤྱི་ཚོགས་ཀྱི་གོ་བབ་དང་འཚོ་བའི་གནས་སྟངས། མོ་རང་ཚོའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་སོགས་མེ་ལོང་ལ་གཟུགས་བརྙན་འཆར་བ་བཞིན་ཀློག་པ་པོ་རྣམས་ཀྱི་མིག་མདུན་དུ་མངོན་པར་བསྟར་ཡོད་དོ། །

དཔལ་མོ།
       དཔལ་མོ། ཕ་ཡུལ་མཚོ་སྔོན་པོ་རྐང་ཚ་ནས་ཡིན། སྔ་གཞུག་ཏུ་རྐང་ཚ་རྫོང་མི་རིགས་སློབ་གྲྭ་དང་མཚོ་བྱང་ཁུལ་མི་རིགས་དགེ་འོས་སློབ་གྲྭ། ནུབ་བྱང་མི་རིགས་སློབ་ཆེན། ཀྲུང་གོ་ཚན་རྩལ་སློབ་ཆེན། པེ་ཅིང་དགེ་ཐོན་སློབ་ཆེན། སི་ཁྲོན་སློབ་ཆེན་བཅས་ནས་སློབ་གཉེར་བྱས་མྱོང་། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་དུ་དངོས་གཞི་དང་ཞིབ་འཇུག་སློབ་མར་བོད་ཀྱི་བརྡ་སྤྲོད་དང་ཚིག་རྒྱན་རིག་པ། རྩོམ་འབྲིའི་ཐབས་རྩལ། གནའ་རབས་རྩོམ་རིག་སོགས་ཀྱི་དཔེ་ཁྲིད་ཀྱི་འགན་ཁུར་ཡོད། ལྷུག་རྩོམ་དེབ«དཔྱིད་ཀྱི་དཔལ་མོ»དང་། སྙན་ངག་གི་དེབ«དྲག་ཏུ་ལྡིང་བའི་ཡིག་འབྲུ་འདི་དག» «བདག་སེམས་ནམ་ཡང་ཁྱོད་ལ་ཕྱོགས»ཞེས་པ་སོགས་དཔེ་སྐྲུན་བྱས་པ་དང་། «བོད་ཀྱི་རྩོམ་རིག»དང་། «ཟླ་ཟེར» «གངས་རྒྱན་མེ་ཏོག»སོགས་ཀྱིས་སྤེལ་བའི་རྩོམ་རིག་བྱ་དགའ་ཡང་ཐོབ་མྱོང་།

 

གཡུ་སྒྲོན་འཚོ།
       གཡུ་སྒྲོན་འཚོ། སྨྱུག་མིང་ལ་འདབ་དྲུག་ཅེས་ཟེར། ལོ་རབས་དགུ་བཅུའི་སྟོད་ཙམ་ལ་མཚོ་སྔོན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དུ་སྐྱེས། 2019ལོར། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན། 2022ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཤེས་རམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། རྩོམ་རིག་ལ་མོས་པའི་དབང་གིས་རྩོམ་པའི་བྱས་འབྲས་སུ«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང་། «སྦྲང་ཆར།» «གངས་རྒྱན་མེ་ཏོག»སོགས་སུ་བརྩམས་ཆོས་རེ་འགའ་སྤེལ་མྱོང་།

 

རྔ་བ་ཚེ་རིང་སྐྱིད།
       རྔ་བ་ཚེ་རིང་སྐྱིད། ཕ་ཡུལ་རྔ་བ་རྫོང་རྨེའུ་རུ་མ་ནས་ཡིན། 2014ལོར་སི་ཁྲོན་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན། «སྦྲང་ཆར»དང«ཟླ་ཟེར»གཙོས་པའི་གཞུང་སྒེར་གྱི་དུས་དེབ་ཁག་ཏུ་སྙན་ངག་དང་། ལྷུག་རྩོམ། བརྩམས་སྒྲུང་། འཁྲབ་གཞུང་བཅས་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་མི་ཉུང་བ་ཞིག་སྤེལ་མྱོང་། སྒྲུང་ཐུང«བོར་ཟིན་པའི་ལག་ཟུང»ཞེས་པར་སྐབས་ལྔ་པའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། གཞན་ཡང་བོད་ཁུལ་ནས་སྒེར་གྱིས་སྤེལ་བའི་རྩོམ་རིག་བྱ་དགའི་འགྲན་སྡུར་ཁྲོད་ནས་ཀྱང་བྱ་དགའ་ཁ་ཤས་རག་མྱོང་།

 

རྡོར་དབྱིངས།
       རྡོར་དབྱིངས། སྨྱུག་མིང་ལ་ཧོར་མོ་ཟེར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་དྲུང་སྟོད་གླིང་གྲོང་ཚོའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། 1985ལོར་བོད་ལྗོངས་སློབ་ཆེན་བོད་ཡིག་སྡེ་ཁག་ནས་མཐར་ཕྱིན་ཏེ་སློབ་འབྲིང་གི་དགེ་རྒན་བྱས། ལོ་ངོ་སོ་གཅིག་རིང་ལ་བོད་ཀྱི་རིག་གནས་སློབ་གསོའི་འཛུགས་སྐྲུན་ཐད་ཤ་ཐང་དུ་འབད་པ་དང་། ཞོར་དུ་རང་ཉིད་ཀྱི་དགའ་ཕྱོགས་ལྟར་རྩོམ་རིག་གསར་རྩོམ་གྱི་ལས་ཀར་འཇུས་ཏེ། རྩོམ་རིག་བརྩམས་ཆོས་མི་ཉུང་བ་ཞིག་གཞུང་སྒེར་གྱི་དུས་དེབ་ཏུ་སྤེལ་མྱོང་། 2016ལོར་རྒན་ཡོལ་ཞུས་ནའང་། རང་ཉིད་ཀྱི་མི་ཚེའི་འདུན་མ་གཙོ་བོ་སྟེ་དཔེ་ཀློག་དང་གསར་རྩོམ་གྱི་ལས་ལ་འབུངས་བཞིན་པ་ལགས་སོ། །
 
 

ཚེ་རིང་འཚོ།
       ཚེ་རིང་འཚོ། 1980ལོར་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེ་སྡེ་བར་སྐྱེས། 2005ལོར་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ། ཀླུ་ཆུ་རྫོང་བོད་ཡིག་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀར་ཞུགས། ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་ཀན་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ལས་ཞོར་དུ་རང་གི་དགའ་ཕྱོགས་ལྟར་རྩོམ་རིག་གསར་རྩོམ་གྱི་ལས་སུ་ཞུགས་ནས་སྙན་ངག་གཙོ་བྱས་པའི་རྩོམ་རིག་བརྩམས་ཆོས་མི་ཉུང་བ་ཞིག་གཞུང་སྒེར་གྱི་དུས་དེབ་ཏུ་བཀོད་མྱོང་། 2016ལོར་རང་གི་སྙན་ངག་ཕྱོགས་བསྒྲིགས་དེབ་ཐོག་མ«ཨ་མའི་བཞོ་ཟེའུ»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།
འབྲེལ་ཡོད་འོས་སྦྱོར།