logo

2021ལོའི་ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ་པར་འགྲེམ་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2023-12-29 ཀློག་གྲངས།:
       བརྩེ་ལྡན་གྱི་ཀློག་པ་པོ་རྣམ་པ་ལགས། «སྦྲང་ཆར»རྩོམ་སྒྲིག་ཁང་གིས་ཉེ་བའི་ལོ་ངོ་འདི་དག་གི་རིང་ལ།«སྦྲང་ཆར»དུས་དེབ་སྒྲུབ་པའི་ཞོར་དུ། 1980ལོ་ནས2019ལོའི་བར་གྱི་དེང་རབས་རྩོམ་རིག་བརྩམས་ཆོས་ལས་ཆེས་ལེགས་གྲས་ཕྱོགས་བསྒྲིགས་བྱས་ཏེ། པོད40ཡི་བདག་ཉིད་ཅན་གྱི«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས»པར་སྐྲུན་ལེགས་འགྲུབ་བྱུང་། 2020ལོ་ནས་བཟུང་སྟེ། སྔ་མའི་ལས་དོན་བཟང་པོ་དེའི་རྒྱུན་བསྐྱངས་ནས། བོད་འབྲེལ་ས་ཁུལ་གྱི་དུས་དེབ་དང་ཚགས་པར་ཚད་ལྡན་དག་ལས་ལོ་གཅིག་རིང་གི་འཐུས་ཚབ་ལྡན་ངེས་ཀྱི་སྒྲུང་ཐུང་དང་། སྒྲུང་འབྲིང་། སྙན་ངག ལྷུག་རྩོམ་དག་བདམས་ཏེ། «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»པར་སྐྲུན་བྱེད་བཞིན་ཡོད།

       2021ལོའི«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»སྒྲུང་ཐུང་དུ་བོད་འབྲེལ་ས་ཁུལ་གྱི་དུས་དེབ་དག་ལས། ལོ་དེའི་སྒྲུང་ཐུང་ཆེས་ལེགས་པའི་ལེགས་པ་དག་བདམས་ཡོད་དེ། ཨེ་ཉི་མ་ཚེ་རིང་གི«སྨུག་པས་བསྒྲིབས་པའི་ཉི་འོད»དང་། ཤར་ཚ་ཡི«གཟི་མིག་དགུ་པ།» གཡང་མཚོ་སྐྱིད་ཀྱི«རྩྭ་ཐང་གི་ཉིན་ཐོ།» ཚེ་དབང་རྣམ་རྒྱལ་གྱི«དབྱར་ཁ།» ལྡེའུ་ཚེ་བརྟན་རྡོ་རྗེ་ཡི«སྙིང་ཉེ་བའི་འདས་པོ་དེ་དག» ཚེ་རིང་སྐྱིད་ཀྱི«དབྱངས་གསལ་སོ་བཞི་བཀྲ་བའི་ལྷམ་ཡག» མ་ཅིག་འཚོ་ཡི«འཕྲིན་ལམ་རིང་མོ»སོགས་སྒྲུང་ཐུང14བསྡུས་ཡོད། སྒྲུང་ཐུང་དེ་དག་ལ་མཚོན་ན་བརྗོད་བྱ་དང་མཚོན་ཐབས། ཚིག་སྦྱོར་གང་རུང་གི་ཐད་ནས་ལོ་དེའི་སྒྲུང་ཐུང་རྩེ་གྲ་ཡི་གྲས་སུ་ཚུད་པར་སེམས།

      2021ལོའི«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»སྙན་ངག་ཏུ་འཇུ་སྐལ་བཟང་གི«ཐང་ཉམས་ཐོར་བཏུས»དང་། བྱ་གཞུང་དབྱངས་བྷའི«ཕ་ས་ཕ་ཡུལ།» ཁྲི་སེམས་དཔའི«ཁྲུང་ཁྲུང་གི་རྨི་ལམ།» གཅན་ཆེད་འབར་གྱི«བར་སྐོར་གྱི་མགྱོགས་བྲིས»སོགས་ཚིག་སྦྱོར་དང་བསམ་བློའི་མཛེས་པ་ཉིས་ཆར་ཕུལ་དུ་བྱུང་བའི་སྙན་ངག73བདམས་ཡོད། འདིས་འཕེལ་རྒྱས་ལ་ཁ་ཕྱོགས་པའི་བོད་ཀྱི་དེང་རབས་སྙན་ངག་གི་གནས་བབ་བཟང་པོ་མཚོན་ཐུབ་པར་མ་ཟད། ད་དུང་དུས་མཚམས་ཤིག་གི་བོད་ཀྱི་དེང་རབས་སྙན་ངག་གི་ཟབ་ཚད་དང་ལྗིད་ཚད་ཀྱང་རྟོགས་ཐུབ།

       2021ལོའི«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»ལྷུག་རྩོམ་དུ་བདེ་སྐྱིད་སྒྲོལ་མའི«ལས་རླུང་རྟེན་འབྲེལ་མ»དང་། མཚོ་སྐྱེས་རྡོ་རྗེའི«ལོ་རྒྱུས་སྒྲུང་རབས་ཀྱིས་ང་ཚོ་ལ་འདི་ལྟར་སྨྲས་བྱུང་།» བཀྲ་ཤིས་དཔལ་ལྡན་གྱི«འགྲོ་བའི་ནད་གདུང་སེལ་བའི་ལྷ་ཆབ»སོགས་ལྷུག་རྩོམ21བདམས་ཡོད། ལྷུག་རྩོམ་གྱི་བརྗོད་བྱའི་ཆ་ནས་མི་ཚེ་ཡི་མྱོང་བ་སྟོན་པའི་ལྷུག་རྩོམ་དང་འཚོ་བ་ཡི་ཆོས་ཉིད་བརྗོད་པའི་ལྷུག་རྩོམ། རིག་གནས་ཀྱི་བྲོ་བ་བསྐྱེད་པའི་ལྷུག་རྩོམ་སོགས་ཡོད་ལ། འབྲི་ཐབས་ཀྱི་ཆ་ནས་ཚོར་བ་རླབས་ལྟར་འཕྱོ་བའི་ཡིད་འགྱུར་དང་། བྱུང་རིམ་ཆུ་བཞིན་བཞུར་བའི་དོན་བརྗོད། ཞིབ་འབྲི་ཀླུང་ལྟར་མེར་བའི་སྤྲོས་པ་ཡང་ཡོད། མདོར་ན་རྩོམ་པ་པོའི་མྱོང་བ་ངོ་མ་དང་བརྩེ་བ་རྣལ་མ། ཚོར་བ་དག་མ་ཞིག་གིས་བདེན་པའི་འཚོ་བ་དང་གདོད་མའི་ཆོས་ཉིད་དེ་རྩོམ་རིག་གི་ལམ་ནས་གསལ་བར་བསྟན་ཡོད།

       2021ལོའི«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»སྒྲུང་འབྲིང་དུ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱི«ཙིག་ཕྲུག་མ»དང་རིག་ལྡན་རྒྱ་མཚོའི«ཁྱོད་སུ་ཡིན»སོགས་སྒྲུང་འབྲིང4བདམས་ཡོད། སྒྲུང་འབྲིང་འདི་དག་ནི་ལོ་དེའི་བོད་ཡིག་སྒྲུང་འབྲིང་གི་འཐུས་ཚབ་བརྩམས་ཆོས་སུ་བགྲང་བར་རུང་། འདིར་བཀོད་པའི་བརྩམས་ཆོས་གང་ཡིན་ཡང་རྗོད་བྱེད་མཛེས་ཤིང་བབ་ཆགས་ལ། བརྗོད་བྱ་ཟབ་ཅིང་དུས་རབས་ཀྱི་འགྲོས་དང་མཐུན་པར་མ་ཟད། བྱུང་རིམ་མཚར་ཞིང་མི་སྣའི་སྣང་བརྙན་གསོན་ཉམས་དོད་པས། བརྩམས་ཆོས་སོ་སོར་ཚད་མཐོ་བའི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་ལྡན་ངེས་པ་བཅས། 2021ལོའི«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»དཔེ་ཚོགས་འདི་ཀློག་པ་པོ་རྣམས་ལ་བསམ་བློའི་རྒྱགས་ཕྱེ་རུ་ཕུལ་བ་ལགས་ན། ཀློག་མཁན་དག་གིས་དགྱེས་བཞིན་དཔེ་ཀློག་གནང་བར་ཞུའོ། །
འབྲེལ་ཡོད་འོས་སྦྱོར།