logo

རྩིས་གཞུང་ཕྱོགས་བསྒྲིགས་ཀྱི་དེབ་འདི་སྒོར་ཐོན་འདུག

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2024-01-03 ཀློག་གྲངས།:
       དེ་ཡང་བླ་བྲང་བཀྲ་ཤིས་འཁྱིལ་ཀྱེེ་རྡོར་གྲྭ་ཚང་གི་རྩིས་རམས་པ་དང་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་པ་མཁས་དབང་བསམ་འགྲུབ་རྒྱ་མཚོས་གསར་རྩོམ་མཛད་པའི«སྐར་རྩིས་ཀུན་འདུས་ནོར་བུ»(སྟོད་ཆ། སྨད་ཆ།)དང་སྨན་པ་འབུམ་རམས་གཞོན་པ། མཚོ་སྔོན་ཞིང་ཆེན་རིམ་གསུམ་པའི་བོད་སྨན་ཆེད་མཁས་པ་ཁམས་ལེབ་བརྩོན་འགྲུས་རྒྱ་མཚོས་བརྩམས་པའི«བོད་ཀྱི་རྩིས་རིག་གི་གཞུང་ལས་དུས་རྟགས་གནམ་དཔྱད་ཕྱོགས་བསྒྲིགས»ཞེས་པོད་གསུམ་གྱིས་གྲུབ་པའི་དཔེ་ཚོགས་འདི་ཉིད་ཉེ་ཆར་བོད་ལྗོངས་སྨན་རྩིས་ཁང་གིས་བསྒྲིགས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས། དེབ་ཚོགས་འདི་ནི་༢༠༢༡ལོར་བོད་ལྗོངས་སྨན་རྩིས་ཁང་གིས་གཙོ་བསྒྲིགས་བྱས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་མུ་འབྲེལ་དཔེ་ཚོགས་ཕུག་ཕུགས་རྩིས་ཀྱི་སྐོར་གྱི་བསྟན་བཅོས་འགའི་ཕྱོགས་བསྒྲིགས་ཀྱི་ཁོངས་གཏོགས་ཡིན།

«སྐར་རྩིས་ཀུན་འདུས་ནོར་བུ»(སྟོད་ཆ། སྨད་ཆ།)
       དེབ་འདིར་སྔར་ཡོད་ཀྱི་རྩིས་གཞུང་ཕྱག་མཛོད་གསུང་རབ་ཀྱི«རིགས་ལྡན་སྙིང་ཐིག»དང་། བྲག་དགོན་བསྟན་པ་རབ་རྒྱས་ཀྱི«རིགས་ལྡན་མཆོད་པའི་འོད་སྣང»གཉིས་གཞིར་བཟུང་ཞིང་། ཕུག་པ་ལྷུན་གྲུབ་རྒྱ་མཚོའི«པད་དཀར་ཞལ་ལུང»དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མའི«མཁས་པའི་སྙིང་ནོར» སུམ་པ་མཁན་ཆེན་གྱི«དགའ་ལྡན་རྩིས་གསར» གོ་ཤྲི་མི་འགྱུར་རྡོ་རྗེའི«ཡང་གསལ་སྒྲོན་མེ»སོགས་ཀྱི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་། རྩིས་འགོ་གསར་དུ་སྤོས་ཏེ་ཞག་གསུམ་གྱི་ལྔ་བསྡུས་དང་གཟའ་ལྔའི་སྒྲུབ་ཚུལ་རིག་པའི་རྣམ་གྲངས་མང་པོའི་སྒོ་ནས་གཏན་ལ་ཕབ་ཐོག ཁྱད་པར་དུ་སྟོང་ཆེན་ལོ་ཚོགས་ལས་འདས་ལོ་མི་འདྲ་བ་ལྔའི་སྒོ་ནས་ལུགས་སོ་སོའི་རྩིས་འགོ་བཙལ་ཏེ་ཞག་གསུམ་གྱི་ལྔ་སྒྲ་གཟའ་ལྔ་དང་བཅས་པ་བདེ་བླག་ཏུ་རྟོགས་ཐུབ་པའི་སྒྲུབ་ཚུལ་ཁྱད་ཆོས་ངོ་མཚར་དུ་མ་ལྡན་པ་བཏོན་ཡོད་པ་དང་། མགྱོགས་རྩིས་སྐབས་གཟའ་ལྔའི་སྤྱི་ནོར་སྒྲུབ་ཚུལ་གསལ་ཞིང་ཤིན་ཏུ་རྒྱས་པ་རེའུ་མིག་དང་རེའུ་མིག་འཛིན་ཚུལ་གོ་བདེ་ཞིང་ཆ་ཚང་བ་སོགས་ཁ་གསབ་དང་གསལ་ཁ་འབྱེད་དགོས་ངེས་རྣམས་ཀྱང་བསྣན་ཏེ་ས་བཅད་བཅུ་གཉིས་སུ་ཕྱེ་སྟེ་བསྒྲིགས་ཡོད་དོ། །

བོད་ཀྱི་རྩིས་རིག་གི་གཞུང་ལས་དུས་རྟགས་གནམ་དཔྱད་ཕྱོགས་བསྒྲིགས།
       དེབ་འདིར་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་ཁྱིམ་བཅུ་གཉིས་ཀྱི་ཐིག་གི་དཔེའུ་རིས་ཞིབ་པར་བཀོད་པའི་དོན་གསལ་བར་བརྗོད་པ་བློ་གསལ་དགའ་བསྐྱེད་དང་། གླིང་དུམ་བུ་བཅུ་གཉིས་ཀྱི་ཉི་ལྡོག་ལ་དཔྱད་པ་ཐེ་ཚོམ་སྦུད་འབྱེད། ནམ་མཁའི་གོ་ལ་དཔྱད་པ། རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ། བོད་སྔ་རབས་རྒན་པོའི་མྱོང་རྩིས། ཀརྨ་ཆགས་མེད་ཞབས་ཀྱི་རྩིས་བསྡུས་ལས་རྒྱལ་སོགས་གྲུབ་རིགས་རྣམས་ཀྱི་གསུང་རྒྱུན་རྒན་རབས་རྣ་གཏམ་ལེགས་སྤྱད་ཟ་མ་ཏོག་གི་ལྡེའུ་མིག རྩིས་གཞུང་ལེགས་བཤད་ཀུན་འདུས་ཀྱི་ལས་སྣ་ཚོགས་ཀྱི་རྩིས་མགོ་བརྒྱ་ཕྲག་གཅིག བོད་ལྗོངས་གནམ་རིག་སྐར་རྩིས་གི་དུས་རྟགས་གནམ་དཔྱད་སོགས་ལ་བཅོས་སླད་དྲི་མས་མ་འགོས་པས་མ་དཔེ་སོར་བཞག་ཇི་མ་ཇི་བཞིན་དུ་བཀོད་པ་དང་། དེ་བཞིན་དུ་དཔལ་ལྡན་མཚུར་ལུགས་ཀྱི་རྩིས་གཞུང་དྲི་མེད་འོད་སྣང་གི་དགོངས་དོན་དུས་རྟགས་གནམ་དཔྱད་སྐོར་ལ། རྩོམ་པ་པོས་རང་ནུས་ཅི་ལྕོགས་ཀྱིས་ངལ་བ་དང་དུ་བླངས་ནས་བགྲང་བྱ་དུ་མའི་ལོ་ཐོ་དང་། དུས་གཟེར་ཉི་སྐར། སྤྱི་ཟླ་དང་སྤྱི་ཚེས་སྐོར་ལ་ཞིབ་འཇུག་རགས་བསྡུས་བྱས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།