དེབ་གསར«བོད་ཀྱི་སྙན་ངག་གསར་བ་བདམས་དཔྱད»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2024-01-22
ཀློག་གྲངས།:
ཉེ་ལམ། ཚེ་གྲུབ་ལགས་ཀྱི་བརྩམས་པའི«བོད་ཀྱི་སྙན་ངག་གསར་བ་བདམས་དཔྱད»ཅེས་པའི་དེབ་གསར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་འདུག

གླེང་གཞི།
ཕྱི་ཡོང་རྩོམ་རིག་གིས་བོད་ཀྱི་རྩོམ་རིག་གི་ཁ་ཚ་དགོས་གཏུགས་སུ་གྱུར་པའི་དགོས་མཁོ་བསྐངས་སྟབས། བོད་ཀྱི་རྩོམ་རིག་དེའང་རྒྱུ་རྐྱེན་རྟེན་འབྲེལ་དུ་མའི་དབང་གིས་དུས་དང་བསྟུན་ནས་འཕོ་འགྱུར་ཆེན་པོ་བྱུང་ཞིང་། དུས་མཉམ་དུ་ཕྱི་ཡོང་རྩོམ་རིག་དང་ལེན་དང་བཀག་འགོག་གཉིས་བར་གྱི་འགལ་འདུའི་ཁྲོད། རིམ་གྱིས་འཕལ་ཀ་འཕྲོད་ནས་དེང་གི་གུ་དོག་པའི་ཁྱབ་ཁོངས་འདི་རུ་སྲོལ་རྒྱུན་གཞན་ཞིག་ཏུ་གྱུར་པར་སྣང་། སྐབས་དེར་འཕལ་ཀ་འཕྲོད་པ་ནི་རྩོམ་རིག་ཁོ་ན་མིན་ལ། དེར་འབྲེལ་གྱི་སྤྱི་ཚོགས་དང་རིག་གནས། དཔལ་འབྱོར་སོགས་ཕྱོགས་གཞན་ཡང་མ་བསྡུས་རང་འདུ་རུ་མངོན། ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་ཀྱི་རྩོམ་རིག་དང་གདོང་ཐུག་དུས། དེར་སྡུད་ལེན་གྱི་ནུས་པ་བླ་ལྷག་ལྡན་པའི་རྩོམ་རིག་གི་སྲོལ་རྒྱུན་ལྡན་ཞིང་། ཕྱི་ནས་ཡོང་བ་གང་དེར་གསར་གཏོད་ཀྱི་སྟོབས་མངའ་བའི་མཛེས་དཔྱོད་དང་དྲག་སྐྱོད་ཀྱི་འདུ་ཤེས་ལྡན་ཕྱིར། འཕལ་ཀ་འཕྲོད་སྟངས་དང་གདོང་ཐུག་རྒྱག་ལུགས་གང་དེར་སྔར་ལས་མི་སེམས་འགུགས་ཤིང་ན་ཟུག་དང་ལྡན་པ་ཞིག་ཡིན། འདི་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་སྐབས་སུ་བོད་ཀྱི་རྩོམ་རིག་དང་ཕྱི་ཡོང་རྩོམ་རིག་གི་ངོ་འཕྲོད་སྟངས་ཤིག་ཡིན། དུས་སྐབས་དེའི་སྐྱ་ཟད་སྔོ་གཏུགས་སུ་གྱུར་པའི་བོད་ཀྱི་རྩོམ་རིག་ལ་མཚོན་ན། བསམ་བློ་དང་ལྟ་བ་ཉི་ཚེ་བ་སྣ་ཚོགས་འགལ་འདུ་ཟིང་ལོང་ཁྲོད་ངེས་དང་མ་ངེས་པའི་མི་རབས་དེའི་སྙིང་སྟོབས་སམ་སེམས་ཁམས་ཅི་རིགས་ཀྱི་མཚོན་བྱེད་དུ་གྱུར་པའི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་ནི་སྙན་རྩོམ«ལང་ཚོའི་རྦབ་ཆུ»ཡིན།
བོད་ཀྱི་དེང་རབས་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་ལ་གཞིགས་ནའང་། བརྩམས་ཆོས་འདི་ནི་གནའ་དེང་དབྱེ་འབྱེད་ཀྱི་རྟགས་མཚན་ཞིག་ཡིན། དེའི་རྣམ་པ་དང་མཚོན་སྟངས། མཚོན་ཐབས། ཚོར་བ་འགྱུ་སྟངས། ཅི་ཞིག་སྟོན་འདོད་ཀྱི་བརྗོད་བྱ་བཅས་གང་ཅིའི་ཐད་ནས་སྔར་གོམས་དང་རྦད་དེ་མི་འདྲ་མོད། ཚིག་སྦྱོར་སྤེལ་སྟངས་བོད་རང་མཚན་པའི་སྔར་སྲོལ་གྱི་རྒྱུན་མཐུད་ཅིང་གསར་གཏོད་ཀྱི་ཆ་དང་ལྡན་ཕྱིར། གཅིག་ན་བོད་ཐུན་མོང་གི་མཛེས་དཔྱོད་དང་མཐུན་པས་ཅི་ཞིག་བཤད་ཀྱིན་པ་ལ་གོ་བ་ལོན་པ་དང་། བསྟན་དོན་གང་དེ་སྐབས་དེའི་སྤྱི་ཚོགས་ཡོངས་ཀྱི་འདོད་བློའམ་འདུན་མ་དང་བསྡེབས་སྟབས། དེང་གི་ཆེད་ལས་བརྡ་ཆད་དུ་མངོན་པའི་མཉམ་འུར་ཏེ་ཀུན་པོའི་ནང་སེམས་ཀྱི་འདུན་པ་ཅི་རིགས་རྩོམ་མཁན་གྱི་ཚོར་ཤེས་དང་གཞི་གཅིག་ཏུ་འདྲེས་ནས་མཉམ་དུ་ཕྱིར་ཕྱུང་བའི་དགའ་ཚོར་ཆེན་པོ་དང་། གཉིས་སུ་མཚོན་སྟངས་དང་མཚོན་ཐབས་ཀྱི་ཐད་ནས་སྔོན་གོམས་དང་མི་མཚུངས་མོད། སྐད་བརྡ་རྣལ་མའི་དབང་གིས་ཉམས་སུ་མྱོང་ནུས་ཤིང་རང་རང་གི་འཚོ་བབ་དང་མཐུན་པ། ངག་ཏུ་གྱེར་ན་རྣ་བར་སྙན་ཞིང་། ཉམས་སུ་མྱངས་ན་ཡིད་དུ་འཇེབས་པ། ལྷག་དོན་རྣམ་པ་དང་ཐབས་རྩལ་གྱི་ཆར་མངོན་པའི་རྒྱུས་མེད་ཀྱི་ཆ་དེས་མཚར་སྣང་བསླངས་པ་ལས་གཞན་དགའ་མོས་ཆེན་པོ་བྱེད་པའི་གནས་སུ་བསྐྱལ། རྐྱེན་དེས་སྐད་ཅིག་དེ་ཉིད་ལ་ཕྱོགས་ཡོངས་སུ་ཁྱབ་ཅིང་དར། དུས་དེར་རྩོམ་ལ་འཇུག་སྤྲོ་བ་གང་མང་ཞིག་གིས་ཀྱང་དེ་ནི་ལེགས་སོ། །དེ་ནི་ལམ་གསར་བ་ཞིག་ཡིན་པར་སྙམ་ནས་རྣམ་པ་ཙམ་ལ་ལད་མོ་བྱེད་མཁན་ཡང་མང་མོད། ནང་ངོས་ཀྱི་རྩལ་ནུས་གང་དེར་རྒྱུས་མ་ལོན་པས་འཕེལ་རྒྱས་ཀྱི་ཆ་དང་བྲལ་ཞིང་། ལྷག་དོན་ཡིད་ཕངས་པ་ལ་བོད་རང་ལ་མཚོན་ན་དུས་འགྱུར་གྱི་དབང་གིས་ཡོད་ཚད་ཀྱི་རྒྱུན་ཆད་ནས་དྲིན་ཆེན་དཔྱོད་ལྡན་དག་གིས་སྣེ་གང་ནས་མཐུད་དགོས་པར་བརྩོན་པའི་དུས་དེར། སྣང་ཚུལ་འདི་རིགས་ལ་དོ་སྣང་བྱེད་མཁན་དང་། ལེགས་ཉེས་དགེ་སྐྱོན་གྱི་ཆ་དེར་སྤྱི་བསྡོམས་དང་འགྲེལ་རྒྱག་མཁན་མེད་སྟབས། རང་སྣང་ཙམ་དུ་དགའ་བསུ་དང་དགག་པ་རྒྱག་མཁན་རིགས་གཉིས་ལྡན་པའི་སྣང་ཚུལ་དེ་བྱུང་། རིམ་གྱིས་མི་རིགས་སློབ་ཆེན་ཁག་ཏུ་ཡོད་པའི་བོད་ཡིག་སྡེ་ཁག་རྣམས་ཀྱིས་ཤ་འབད་རུས་འབད་དུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་དེར་འབྲེལ་གྱི་ཕྱི་ཡོང་རྩོམ་གཞུང་གི་དཔེ་ཁྲིད་སྤེལ་ཞིང་། བསླབ་དེབ་གསར་བ་རྩོམ་སྒྲིག་བྱས་པ་དང་བསྟུན། ན་གཞོན་སློབ་གཉེར་པའི་སྡེ་ལ་དེ་རིགས་སྦྱོང་བའི་གོ་སྐབས་ཐོབ་སྟེ། དུས་སྐབས་གསར་བའི་བོད་ཀྱི་རྩོམ་རིག་ཟེར་བ་གང་དེའི་དབུ་དལ་གྱིས་བསླངས། སྙན་ངག་གསར་བ་འདིའང་གྱེར་འདོན་ལུགས་ཀྱི་རྒྱུན་དེ་བསྐྱངས་ཏེ། སྙན་ཚོམ«འབོད་པ»རུ་སླེབས་དུས། མི་སྒེར་གྱི་མྱོང་བ་དང་ཚོར་སྣང་གང་ཚོགས་པ་ཞིག་གམ་དེ་ལས་ཁྱབ་ཆེ་བའི་ཐུན་མོང་གི་སེམས་འདུན་ཞིག་ཏུ་གཏད་པས། བརྗོད་བྱའི་ཆ་ནས་ཆེར་བསྐྱེད་པ་དང་ཆབས་ཅིག བསྡུས་བརྗོད་ལ་སོགས་རྒྱན་ཅི་རིགས་འོས་བབ་དང་བསྟུན་ཏེ་སྦྱར་སྟབས། ཚོར་འདུ་བརྗོད་བྱར་སིམ་པའི་མཛེས་དཔྱོད་ཀྱི་བྱེད་ནུས་ཤིག་མངོན་ཡོད་ལ། ཚིག་དོན་གཉིས་ཀའི་ཆ་ནས་སྐབས་དེའི་གྱེར་འདོན་ལུགས་ཀྱི་སྲོལ་དེ་དང་བསྡུར་ན་ཉམས་སྣང་ཁྱད་པར་བ་ཞིག་ཤར་འདུག དེ་ལྟར་འབྲི་ཐབས་དང་རྒྱན་གྱི་སྦྱོར་ལུགས་ཐད་གསར་བར་སྙེག་པའི་ཚ་རླབས་ཤིག་ཀྱང་ཐོལ་གྱིས་བྱུང་ཞིང་ཤུགས་ཀྱིས་འཕྱུར། གསར་རྙིང་གཉིས་ཀྱི་ལེགས་ཉེས་བརྗོད་པའི་རྩོད་གླེང་ཁྲོད། དེར་འབྲེལ་གྱི་བརྩམས་ཆོས་ཀྱང་ཨ་མྲ་བཞིན་ཕྱི་ནང་སྨིན་མ་སྨིན་གྱི་གསང་བ་སྔོག་ནུས་བྲལ་ཞིང་། ཚ་ཚ་འུར་འུར་དང་ཟང་ཟིང་ལང་ལོང་ཁྲོད་སྟོབས་ཀྱིས་ཁེངས་ཤིང་ཉམས་སྣ་ཚོགས་ཀྱིས་སྒོ་ནས་དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་གི་སྒོ་གླེགས་དེ་འཚུབ་ལོང་ངེར་ཕྱེ་བའི་སྣང་ཚུལ་དེ་བྱུང་། ཕྱིར་འདང་རེ་བརྒྱབ་ན། དུས་སྐབས་དེ་ནི་ཉ་ཉུང་མཉམ་བསྲེས་དང་ལེགས་ཉེས་གང་རུང་གཞི་གཅིག་ཏུ་བསྡེབས་པའི་དུས་རབས་ཤིག་ཡིན་མོད། སྐྱ་ཐལ་ལེར་སྣང་བའི་ཁྱབ་ཁོངས་དེར་གང་ལྟར་ཡང་གསོན་མདོག་རྒྱས་སུ་བཅུག་པའི་དུས་རབས་ཤིག་ཡིན་ལ། ད་ལྟ་ཕྱིར་འདང་རེ་བརྒྱབ་ན། དུས་རབས་དེ་ནི་བོད་ཀྱི་རིག་གནས་སྲོལ་རྒྱུན་གྱི་རྒྱུན་མཐུད་པ་དང་གསར་བ་ནང་འདྲེན་བྱེད་པར་ལྟོས་བཅས་སུ་སྐལ་བ་དང་ལྡན་པའི་དུས་རབས་ཤིག་ཀྱང་ཡིན།

སྙན་ངག་གསར་བ་འདི་ཡང་གོང་དུ་གླེང་བའི«ལང་ཚོའི་རྦབ་ཆུ»ཡིས་ཕྱིའི་རྣམ་པ་དང་ནང་གི་བརྗོད་བྱ། མཛེས་པ་མངོན་བྱེད་ཀྱི་རྩལ། ཚོར་བ་འདོན་ལུགས་ཀྱི་ཐབས་སོགས་ཕྱོགས་ཡོངས་ནས་གསར་བ་ཞིག་གི་སྲོལ་བཏོད་དེ། «འབོད་པ»སོགས་ཀྱིས་བརྗོད་བྱའི་ཁྱབ་ཁོངས་སྤྱི་ཚོགས་འཚོ་བ་དངོས་དང་ཕལ་བའི་སྐྱིད་སྡུག་ལ་གཏད་ཅིང་། འབྲི་ཐབས་དང་འབྲི་སྟངས་ཐད་ཀྱི་མཛེས་དཔྱོད་འཕེལ་འགྱུར་སོགས་ཀྱིས་སྙན་ངག་གསར་བ་འདི་གསར་བྱུང་ནས་སྲོལ་དུ་སྒྱུར་བ་ལ་རྨང་བཏིང་། ཕྱིས་ཀྱི«དགེ་འདུན་ཆོས་འཕེལ»ལྟ་བུའི་སྲོལ་རྒྱུན་དང་དེང་རབས་ཀྱི་ཐབས་རྩལ་གཉིས་འོ་ཆུ་བཞིན་གཞི་གཅིག་ཏུ་འདྲེས་ཤིང་། མཚན་ཉིད་གཤིས་ལུགས་ཀྱི་ངོ་བོར་སྣང་བའི་རིགས་དང་། ཚོར་འདུ་ཤུགས་དྲག་ཀྱང་ཁ་གཡང་གི་ཤན་བྲལ་བ། སེམས་རྣལ་མའི་རང་བཞིན་གསལ་ཞིང་། འཆར་ཡན་དང་དོན་ཉམས་ཀྱི་མཛེས་པར་སྙེག་པའི«ཉི་ཟླ་རི་བོའི་སྙན་ཚིག»ལྟ་བུ། གནས་ལུགས་ཀྱི་ཟབ་ས་ནས་འཚོ་བའི་རང་བཞིན་མངོན་པའི«འཁོར་བའི་སྙིང་བོ»ལྟ་བུས་རྩོམ་ལུས་འདི་རྩོམ་ཐབས་ཁོ་ནའི་དབང་དུ་མི་འགྲོ་ཞིང་། གཞན་དཔེ་རང་འགྲེ་དང་གཞན་ཐབས་བཙན་བཀོལ་ཁོ་ནས་མི་སེམས་འདྲེན་མི་ནུས་པའི་གནས་ལུགས་ཤིག་ཀྱང་བསྩལ། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་དུས་སྐབས་དེའི་སྙན་ངག་གསར་བ་ནི་རྩོམ་སྟངས་ཀྱི་ཐད་དུ་གཞན་ཐབས་སྤྱད་ཀྱང་། རྗོད་བྱེད་དང་རྒྱན་གྱི་སྤྲས་ལུགས་ཐད་བོད་རང་མཚན་པའི་སྲོལ་རྒྱུན་དང་རིང་དུ་མ་བཀྱེད་པས་མཛེས་པ་མྱོང་རོལ་གྱི་འཇུ་ཐག་བསྟབས་ཕྱིར་ཐུན་མོང་གི་མྱང་བྱར་གྱུར། རིམ་གྱིས་དུས་རབས་ཉེར་གཅིག་ཏུ་སླེབས་པ་ན། རྒྱལ་ཁབ་སྤྱིའི་དཔལ་འབྱོར་སྒྲིག་གཞིར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་བསྟུན། འཚོ་བའི་གནས་སྟངས་ལའང་དེ་འབྲེལ་དུ་འཕོ་འགྱུར་བྱུང་བས། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ཡོངས་སུ་སྔར་མེད་གསར་སྒྲིག་གི་རྣམ་པ་མངོན་ཞིང་། རྩོམ་སྟངས་འདིར་ཡང་ཁྱབ་ཆེ་སའམ་གཏིང་ཟབ་སར་སྙེག་པའི་ཆ་ལས་རིམ་གྱིས་བརྒལ་ཏེ། ཚོར་བ་དང་བསམ་སྟངས། དམིགས་གཞི་བྱེ་བྲག་པའི་ཆ་དེ་བརྗོད་པའི་གནས་སུ་ཕྱོགས། ཤེས་བྱ་ཚུར་སྡུད་ཀྱི་གོ་སྐབས་དང་ཆ་རྐྱེན་ཡང་སྣ་ཚོགས་ཐོབ་སྟབས། ཐབས་ལམ་དང་རྒྱན་གྱི་སྦྱོར་ལུགས་མིག་ཤོམ་ཅན་དུ་སྣང་བ་མོད་ཀྱང་། བོད་ཀྱི་སྙན་ངག་གསར་བ་འཕེལ་བྱེད་ཀྱི་གཞུང་རྐང་དུ་གྲུབ་པའི་བདེན་སྟོབས་སུ་མངོན་ཡོད་མེད་ད་དུང་དཔྱད་བྱའི་གནས་ཡིན། སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་དང་སྐད་ཆའི་ཁྲོད་གནས་པའི་མཛེས་དཔྱོད་ཀྱི་འདུ་ཤེས་འཛིན་སྟངས་སུ་གྱུར་པའི་རྩོམ་རིག་ལ་མཚོན་ན། ཁྱབ་ཁོངས་འདིར་གྲུབ་མཐའ་ལྟ་བུའི་གཞུང་ལུགས་ཤིག་མེད་ལ། སྤྱི་ཚོགས་འཕོ་འགྱུར་གྱི་དབང་གིས་མི་རིགས་གང་དེའི་སྤང་བླང་གི་བསམ་བློར་འགྱུར་བ་བྱུང་བས་སྔར་ཚད་མར་འཛིན་པ་ཕྱིས་སུའང་དེ་ལྟར་ཡིན་པའི་ངེས་པ་མེད་པ་ཆོས་ཉིད་དུ་གྲུབ་ཀྱང་རུང་། མི་རིགས་གང་དེའི་རིག་གནས་སྙིང་སྟོབས་མཚོན་བྱེད་ཀྱི་རྩོམ་རིག་ལ་མཚོན་ན། རིག་གནས་འདུ་ཤེས་ཀྱི་དབང་གིས་ཐུན་མོང་ནས་དང་ལེན་བྱེད་པའི་རྩོམ་ཐབས་ཤིག་དང་། སྙིང་སྟོབས་གང་ཕྱིར་འདོན་པ་དང་ཚུར་སྡུད་ལེན་བྱེད་པར་འཚམ་པའི་སྲོལ་རྒྱུན་དུ་གྲུབ་པའི་རྩོམ་སྟངས་གང་དེས་ད་གཟོད་རྒྱུན་དེ་བསྐྱངས་ཤིང་སྤེལ་བས་ན། གསར་བ་ཞིག་སྲོལ་དུ་འགྱུར་བ་ལ་ཐོག་མར་རང་ས་བརྟན་སྲུང་ནི་གང་ཉིད་འཕེལ་བྱེད་ཀྱི་རྨང་མ་ཡིན་ནམ།
དེབ་འདིར་ཡང་དུས་ཀྱིས་བཙོ་སྦྱང་ཁྲོད་ས་ལེ་སྦྲམ་གྱི་རང་གཤིས་སྔར་ལས་ཀྱང་མངོན་བཞིན་པའི«ལང་ཚོའི་རྦབ་ཆུ»ལ་གུས་འདུད་དང་བཅས་ཐུན་མོང་ནས་འཐུས་ཚབ་ཏུ་ཁས་འཆེས་པའི་བརྩམས་ཆོས་དག་ལ་གནས་པའི་སྟོབས་རྩལ་རྫོགས་པའི་སྙིང་སྟོབས་དང་ཡིད་སེམས་སྐྱོམ་པའི་ངར་ཤུགས། རྩོམ་མཁན་གྱི་མཁྱེན་དཔྱོད་ལས་གྲུབ་པའི་མཛེས་པ་གང་ཇི་ལྟར་གྲུབ་པའི་གནས་ལུགས་བརྗོད་འདུན་དྲག་མོད། བོད་རང་ལ་སྔར་ནས་ཡོད་པའི་གཞུང་ལུགས་དཔྱིས་ཕྱིན་པ་སྦྱོང་བའི་སྐལ་བ་མ་ལྡན་པས་དེ་ལས་ཅི་དགར་འཕྲོ་བྱེད་ཀྱི་འཇོན་ནུས་བྲལ་ཞིང་། ཕྱི་ཡོང་གཞུང་ལུགས་ལ་ཆེད་ལས་རང་བཞིན་གྱི་སྦྱོང་བརྡར་མ་ཐོབ་པས་གཉིས་ཀ་ལྷན་སྦྲེལ་སྒོས་བརྩམས་ཆོས་ཤིག་གིས་བསྐྱངས་པའི་རྒྱུན་དང་གསར་བའི་ཆ་སྐྲ་རྩེ་འབྱེད་པ་བཞིན་རེ་རེ་བརྗོད་པའི་རིག་པའང་མི་ལྡན་པས་ན། ལོ་ངོ་བཅུ་ཕྲག་ཁ་ཤས་ལ་རྩོམ་རིག་དང་འབྲེལ་བའི་རྩོམ་སྒྲིག་པ་བྱས་པའི་མྱོང་བ་ཙམ་ལ་བརྟེན་ནས། ཚིག་དུམ་དེ་དག་ལྷན་དུ་སྦྲེལ་ན་སྒྱུ་རྩལ་དུ་ཇི་ལྟར་གྱུར་པའི་རྒྱུ་མཚན་ལ་འགྲེལ་རྒྱག་ཨེ་ཐུབ་ཐད་ཤ་འབད་རུས་འབད་དུ་མངོན་ཡོད་པ་ཙམ་དུ་ཟད། ང་ཚོ་ཐུན་མོང་ལ་སྣང་བའི་སྐྱོ་འབྲས་འདི་འབྱུང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ནི། ང་ཚོས་རང་ཉིད་ལ་མངའ་བའི་བརྩམས་ཆོས་འདི་དག་ལ་གཞུང་ལུགས་ཀྱི་ངོས་ཐད་ནས་འགྲེལ་རྒྱག་མི་ཐུབ་པ་དེར་ཐུག་འདུག མྱོང་བ་ཙམ་མམ་རྒྱུན་ཤེས་ཙམ་གྱིས་སོ་ན་གནས་པ་ཙམ་སྲུང་བ་ལས་འཕེལ་བྱེད་ཀྱི་རྒྱུ་ཙམ་དུའང་འགྲོ་ཁག་པས་ན། དེབ་འདིར་རྩོམ་ཐབས་སམ་སྒྱུ་རྩལ་མཚོན་སྟངས་ཀྱི་འཕེལ་འགྱུར་ཞིག་བརྩམས་ཆོས་སྤེལ་བའི་དུས་ཀྱི་སྔ་གཞུག་ལྟར་འགྲེལ་རྒྱག་ཨེ་ཐུབ་ལ་འབད་མོད། འགྲེལ་རྒྱག་པའི་འདུ་ཤེས་དམན་པ་དང་འགྲེལ་རྒྱག་པའི་འཇོན་ནུས་མ་འཛོམས་པས། ཀློག་མཁན་རྣམས་ཀྱི་བློར་འབབ་པ་ཞིག་དང་འཕེལ་འགྱུར་གང་ཇི་ལྟར་འཕེལ་ཞིང་འགྱུར་བའི་གསང་བའི་ཆ་དེ་བཏོན་མེད་ངེས། དེ་ལྟ་ནའང་བརྩམས་ཆོས་གང་དེས་ཅི་ཞིག་མཚོན་གྱིན་ཡོད་པ་དང་རྩོམ་མཁན་གྱིས་ཅི་ཞིག་འཆད་འདོད་ཀྱི་ཆ་དེ་ཅུང་སྟབས་བདེ་བོར་ཕྱུང་ཡོད་སྙམ་སྟབས། ལུས་འདིའི་བརྩམས་ཆོས་ལ་ལྟ་ཀློག་གི་འདུན་པ་ཡོད་མཁན་རྣམས་དེའི་ཁམས་སུ་འཇུག་བདེ་བ་ཙམ་བྱེད་པའི་ཕན་རེ་ཐོགས་སོང་ནའང་གུས་པའི་བསམ་དོན་འགྲུབ་སོང་བ་ཡིན།དེང་གི་ཆར་ང་ཚོར་སྔར་བཞིན་ཆད་པ་ནི་སྣང་ཚུལ་ཅི་རིགས་ལ་སྤྱི་བསྡོམས་དབྱེ་ཞིབ་དང་བརྩམས་ཆོས་ལ་འགྲེལ་རྒྱག་མཁན་མེད་པ་དེ་ཡིན། འདུ་ཤེས་འདི་དང་འགྲེལ་རྒྱག་པའི་འཇོན་ཐང་མེད་ཚེ། ང་ཚོས་ཤུལ་བཞག་ཅི་ཡོད་རྒྱུན་འཛིན་བྱེད་མི་ནུས་པར་མ་ཟད། མིག་སྔའི་ལག་ལེན་ལ་ཡང་དག་པར་བརྡར་ཤའང་གཅོད་མི་ནུས། འདི་དག་ཚང་མ་ལེགས་ལམ་དུ་འདྲེན་པ་ལ་ངེས་པར་དུ་གཏིང་ཟབ་ཅིང་ངོས་གསལ་བའི་འགྲེལ་རྒྱག་རྒྱུར་རག་ལས། བོད་ཀྱི་རིག་གནས་འཕེལ་འགྱུར་གྱི་ལོ་རྒྱུས་ཁྲོད་དྲིན་ཆེན་མེས་པོ་དག་གིས་རྩ་འགྲེལ་ཡང་འགྲེལ་ཉིང་འགྲེལ། འབྲུ་འགྲེལ་དོན་འགྲེལ་ལ་སོགས་འགྲེལ་སྣ་ཚོགས་ང་ཚོར་སྐྱེས་སུ་བསྟབས་འདུག་པ་འདིར་ཕུགས་རྒྱང་རིང་བའི་དགོངས་གཞི་ཞིག་མེད་པ་ག་ལ་ཡིན། དེ་ལྟར་ན་ང་ཚོས་ད་གཟོད་རང་ངོ་ཟིན་ཞིང་རང་གི་ལོ་རྒྱུས་དང་ད་ཡོད་ཀྱི་གནས་བབ་རྟོགས་ངེས་ལ། དེར་འབྲེལ་དུ་ཡིད་ཆེས་དང་སྤོབས་པའང་འབྱུང་བར་ངེས། མཐར་བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཤོག་ཅེས་སྨོན་པ་དང་བཅས་ཚེ་གྲུབ་ཏུ་འབོད་པས༢༠༢༣ལོའི་ཟླ༧པའི་ཚེས༢ཉིན་བྲིས།
དེབ་ཀྱི་དཀར་ཆག


འབྲེལ་ཡོད་འོས་སྦྱོར།