logo

«བོད་ཀྱི་ལ་གཞས་རྩེད་སྐོར་བཅུ་པ»ཞེས་པ་དཔེ་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-02-29 ཀློག་གྲངས།:
       ཉེ་ལམ། «བོད་ཀྱི་ལ་གཞས་རྩེད་སྐོར་བཅུ་པ»ཞེས་པའི་དེབ་བཅུའི་བདག་ཉིད་ཅན་གྱི་ལ་གཞས་དཔེ་ཚོགས་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས།
       ད་རེས་པར་དུ་བསྐྲུན་པའི་དཔེ་ཚོགས་འདིར་སྐྱེས་པ་ཕོའི་ལ་གཞས་དེབ་ལྔ་སྟེ། «རྩེད་སྐོར་འཁོར་ལོ་རྩིབས་བརྒྱད»དང«རྩེད་སྐོར་པདྨ་འདབ་བརྒྱད» «རྩེད་སྐོར་ནས་འབྲུ་དྲུག་མ» «རྩེད་སྐོར་ཨ་ལོང་དགུ་འཁྱིལ» «རྩེད་སྐོར་གོས་ཆེན་འབྲུག་མ»ཞེས་པ་བཅས་དང་། ཟ་མ་མོའི་ལ་གཞས་དེབ་ལྔ་སྟེ། «རྩེད་སྐོར་ངང་མོའི་དལ་འགྲོས»དང«རྩེད་སྐོར་འཇོལ་མོའི་གྲེ་འགྱུར» «རྩེད་སྐོར་རྨ་བྱའི་སྒྲོ་མདོངས» «རྩེད་སྐོར་ཁུ་བྱུག་གྲགས་སྙན» «རྩེད་སྐོར་བུང་བའི་གཤོག་སྒྲ»ཞེས་པ་བཅས་བསྡོམས་དེབ་བཅུ་ཐམ་པ་བསྡུས་ཡོད་དོ། །
སྐྱེས་པ་ཕོའི་ལ་གཞས།
       ལ་གཞས་ལ་མཚོན་ན། ཕོ་མོ་ཕན་ཚུན་བར་གྱི་སེམས་ཀྱི་འདོད་པ་ངག་གི་དབྱངས་རྟ་ལ་དྲངས་ཏེ་ཕན་ཚུན་ལ་ལེན་རེས་བྱེད་པའི་རྣམ་པ་ཞིག་ཡིན་པ་དང་། ཡང་ལ་གཞས་ནི“སྡེ་ཆེན་རྩེད་ར”དང་རྫ་ལུང་རི་ལུང་ནས་གཞོན་ནུ་ཕོ་མོ་བར་གྱི་སེམས་ཀྱི་དུང་བ་སྟོན་པའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། ད་དུང་རྩེད་པ་རྩེད་མས་ཕན་ཚུན་ལ་དཔེ་དོན་སྣ་ཚོགས་ཀྱི་ལམ་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་བློ་རིག་འགྲན་པའི་རིག་རྩལ་གྱི་རྣམ་པ་ཞིག་ཀྱང་ཡིན་པའོ། །
ཟ་མ་མོའི་ལ་གཞས།
       དཔེ་ཚོགས་འདིའི་ལ་གཞས་དག་འཚོལ་སྡུད་བྱེད་སྐབས་ཕོ་མོའི་ལ་གཞས་དང་། ས་གནས་ཀྱི་ལ་གཞས། རོང་འབྲོག་གི་ལ་གཞས་བཅས་ཀྱི་རྐྱ་བཀར་ཡོད་ཅིང་། དེ་ཡང་ལ་གཞས་དེབ་བཅུ་ཐམ་པ་ཡོད་པ་ལས་དེབ་ལྔའི་སྡུད་པ་པོ་ཕོ་ཡིན་ལ། དེབ་ལྔའི་སྡུད་པ་པོ་མོ་ཡིན། སྡུད་པ་པོ་རྣམས་ནི་བོད་ཁམས་སུ་མིང་གྲགས་ཡོད་པའི་གླུ་བ་གླུ་མ་རྐྱང་རྐྱང་ཡིན་པར་མ་ཟད། བརྩམས་ཆོས་རྣམས་གླུ་བ་གླུ་མ་རང་རང་གིས་ལེན་སྤྲོ་བའི་ལ་གཞས་སམ། ཡང་ན་རང་ཉིད་ཀྱིས་གསར་རྩོམ་བྱས་པའི་ལ་གཞས་ཤ་སྟག་ཡིན་པས། བོད་ཀྱི་ལ་གཞས་གསར་དུ་སློབ་པ་དང་། བོད་ཀྱི་ལ་གཞས་ལ་རྒྱུས་ལོན་བྱེད་པ། བོད་ཀྱི་ལ་གཞས་ལ་ཞིབ་འཇུག་བྱེད་པ་བཅས་ཀྱི་ཐད་ལ་དཔྱད་གཞིའི་རྒྱུ་ཆ་དང་པོ་མཁོ་སྤྲོད་བྱས་ཡོད་དོ། །
ནང་དོན་ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།