logo

«འབྲུ་བཞིའི་ཚིག་མཛོད»དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-03-04 ཀློག་གྲངས།:
       ཉེ་ལམ། ཆ་རིས་པ་མགོན་པོ་ཚེ་རིང་གིས་བསྒྲིགས་པའི«འབྲུ་བཞིའི་ཚིག་མཛོད»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས།

འགོ་བརྗོད།
       ཆ་རིས་པ་མགོན་པོ་ཚེ་རིང་ནི་བྱ་ཉུང་དོན་ཉུང་དང་མངོན་ཆུང་གིས་རང་གི་ཡིད་ལ་གང་གནག་པའི་དོན་ལ་རྩེ་གཅིག་ཏུ་གཞོལ་བ། ལྕགས་དབྱུག་ཁབ་ཏུ་བརྡར་བའི་སྙིང་སྟོབས་ཅན་ཞིག་ཡིན་ལ། མི་ལོ་བཅུ་ཕྲག་གཉིས་ལྷག་གི་རིང་རྣམ་གཡེང་གི་དབང་དུ་མ་སོང་བར་སློབ་གསོའི་ལས་དོན་ཁུར་དུ་ཁྱེར་བའི་ཞར་ལ། སློབ་གསོ་དང་རིག་གནས་ཕྱོགས་ལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་བསྟན་བཅོས་མང་བོ་ནན་ཏུར་གྱིས་བཀླགས་ཤིང་། དོན་དང་ལྡན་ལ་རང་རེའི་གསོས་སུ་འགྱུར་བའི་ཉེར་མཁོ་དག་ཚུར་བོད་ཡིག་ལ་བསྒྱུར་བ་དང་། རང་ཉིད་ཀྱི་བསམ་ཞིབ་དང་མྱོང་ཐོག་གི་བརྩམས་ཆོས་ཏེ་སློབ་གསོའི་བསམ་སྦྱོར། སློབ་གསོའི་མྱོང་རྟོག འཆད་ཉན་ལ་འཇུག་པའི་སྒོ། བསམ་བློ་ལྡན་པའི་དགེ་རྒན། སློབ་གསོ་བའི་བསམ་ཞིབ། འགྲོ་བ་མིའི་མེས་པོ་འཚོལ་བ་བཅས་སོགས་བརྩམས་བསྒྱུར་བྱས་པའི་དེབ་ཉི་ཤུ་ལྷག་ལོངས་པར་ན་མཉམ་ནང་ནས་ལྟོས་ན་བརྒྱ་ལམ་ཙམ་ན་གཅིག་པུ་ལྟ་བུ་ཆགས་ཤིང་། སེམས་གཏིང་ནས་རྗེས་སུ་ཡི་རང་དང་གུས་འདུད་ཞུ་དགོས་པ་ཞིག་ཡིན།
དཀར་ཆག
       ད་ཐེངས་ལྷག་བསམ་ཅན་གྱི་སློབ་གྲོགས་ཧོར་སྐྱེས་སྒྲོལ་མ་སྐྱབས་ཀྱིས་རོགས་དངུལ་གྱི་མཐུན་རྐྱེན་ལ་གང་དགོས་མ་སྐུལ་དང་བླང་གིས་སྦྱར་བའི་སྐུ་དྲིན་ལས། ཆ་རིས་པ་མགོན་པོ་ཚེ་རིང་གི་བརྩམས་ཆོས་མང་པོའི་ནང་ནས་འབྲུ་བཞིའི་ཚིག་མཛོད་ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་ཐུབ་པའི་དོན་སྙིང་ནི་འབྲུ་བཞིའི་ཚིག་མཛོད་ཐོག་མ་དང་། རྩོམ་པ་པོའི་བརྩམས་ཆོས་ཡོངས་ཀྱི་སྤྱན་སྔར་བསྟར་ཐུབ་བྱུང་བ་འདི་ཡིན་པས། ཧོར་སྐྱེས་སྒྲོལ་མ་སྐྱབས་ཀྱིས་མཚོན་པའི་རྣམ་དཀར་གྱི་ལས་ལ་རྒྱབ་རོགས་བྱེད་མཁན་དག་ལ་ཡང་བཀའ་དྲིན་ཆེ་ཞུ།
       འབྲུ་བཞིའི་བདག་ཉིད་ཅན་གྱི་ཚིག་གི་ཁྱད་ཆོས་གཙོ་བོ་ནི་ཚིག་སྣ་ཐུང་ཞིང་ཟོར་ཡང་བ། དོན་གྱི་འདུ་ཡུལ་ཆེ་ཞིང་གནད་འདུས་པ། ཚིག་ལྷག་མང་པོ་མི་དགོས་པར་དོན་གནད་གསལ་བར་སྟོན་ཐུབ་པ་ཞིག་དང་། དེ་དང་དེ་དག་ཐ་སྙད་དང་ཚིག་གི་རྒྱ་མཚོར་འཐོར་ནས་ཡོད་པར། ཆ་རིས་པ་མགོན་པོ་ཚེ་རིང་གིས་མི་ལོ་མང་པོའི་རིང་དཔེ་དེབ་མང་པོའི་གསེང་ནས་གཅེས་སྒྲུག་གིས་ཚིག་མཛོད་འདི་ཉིད་བསྒྲིགས་ཤིང་པར་བསྐྲུན་བྱས་པ་སྐལ་བ་བཟང་ཞིང་ཡོན་ཏན་དུ་མས་ཕྱུག་གོ །
       མ་འོངས་པར་འབྲུ་བཞི་བའི་ཚིག་འགྲེལ་དང་བཅས་པས་ཐོག་དྲངས། རྩོམ་པ་པོའི་བརྩམས་ཆོས་གཞན་རྣམས་ཀྱང་ལུ་གུ་རྒྱུད་དུ་དཔེ་སྐྲུན་འགྲེམ་སྤེལ་ཐུབ་པའི་སྨོན་འདུན་དང་བཅས།

ཟམ་ཚ་ཚེ་རིང་དོན་གྲུབ་ཀྱིས་ཟླ་ཚེས་བཟང་པོར།
ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།