བརྩམས་སྒྲུང་དེབ་གསར«མི་རབས་གསུམ་གྱི་གཏམ་རྒྱུད»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།
རྩོམ་པ་པོ།:བན་དེ་ལྷུན་གྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-11-04
ཀློག་གྲངས།:
ཉེ་ཆར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བན་དེ་ལྷུན་འགྲུབ་བམ་ཚོ་བུ་ལགས་ཀྱི་བརྩམས་སྒྲུང་དེབ་གསར«མི་རབས་གསུམ་གྱི་གཏམ་རྒྱུད»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།
བརྩམས་སྒྲུང་འདི་རུ་རྩོམ་པ་པོས་རྟོག་བཟོ་མ་ཡིན་པའི་བརྩམས་སྒྲུང་དང་། འདས་ཟིན་པར་ཕྱིར་དྲན་གྱི་འབྲི་ཐབས་སྤྱད་དེ། ཉེ་བའི་ལོ་ངོ་བརྒྱ་ལྷག་གི་རིང་ལ་མི་རབས་གསུམ་གྱི་འཚོ་བ་དང་ཁོར་ཡུག་གི་འགྱུར་བ་སྟེ། ཞིང་སྡེ་ནས་གྲོང་ཁྱེར་དང་། སྲོལ་རྒྱུན་ནས་དེང་རབས་ཀྱི་འཕོ་འགྱུར་མཚོན་ཡོད། གཞན་ཕྱིར་དྲན་གྱི་ཁུངས་སྣེ་ཟླ་མཆོད་དུས་ཆེན་ལ་སྦྱར་ཞིང་། འདུ་འཛོམས་དང་ཁེར་རྐྱང་གི་འགལ་འདུའི་འོག་ཏུ། མི་ཡུལ་གྱི་བརྩེ་བ་དང་དྲིན་གཟོ། ཐོབ་ཤོར་དང་འདུ་བྲལ་གྱི་ཆོས་ཉིད་ལ་ཕྱིར་དྲན་བརྒྱུད་མ་འོངས་པའི་འཚོ་བར་རེ་བ་དང་སྤོབས་པས་ཁེངས་ཡོད་ཚུལ་བསྟན། བརྩམས་སྒྲུང་འདི་རྩོམ་པའི་དམིགས་ཡུལ་ནི་ང་ཚོས་འདས་ཟིན་པའི་དགོད་སྒྲ་དང་མིག་ཆུ་ལ་ཕྱིར་དྲན་བྱེད་པ་དང་མ་འོངས་པའི་འཚོ་བར་རེ་ཞིང་སྙེག་པ། བསམ་བློའི་སྙིང་དོན་ནི་མི་ཡུལ་གྱི་བརྩེ་བ་དྲོན་མོ་དང་བཀའ་དྲིན་དྲན་པ། དྲིན་གཟོ་བ། ཐོབ་ཤོར་དང་འདུ་བྲལ་གྱི་ཆོས་ཉིད་རྟོགས་པ་བཅས་སོ། །
དེབ་ཀྱི་དཀར་ཆག
2024ལོའི་ཟླ11པའི་ཚེས2ཉིན། གྲོང་ཁྱེར་ལན་ཇུའི་ཤེས་རབ་སྒྲོན་མེ་དཔེ་ཁང་དུ་དེབ་གསར་འགྲེམ་སྤེལ་དང་གསར་རྩོམ་མྱོང་གླེང་གི་བྱ་འགུལ་བསྡུས། བྱ་འགུལ་སྟེང་རྩོམ་པ་པོ་བན་དེ་ལྷུན་འགྲུབ་བམ་ཚོ་བུ་ལགས་ཀྱིས་གསར་རྩོམ་གྱི་གོ་རིམ་དང་ནང་དོན། སྒྲིག་གཞི་སོགས་ངོ་སྤྲོད་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། བོད་ཀྱི་དེང་རབས་རྩོམ་རིག་དཔྱད་བརྗོད་པ་གྲགས་ཅན་བདུད་ལྷ་རྒྱལ་ལགས་གྱིས་དཔྱད་བརྗོད་གནང་། གཞན་རྒན་སངས་རྒྱས་ཚེ་རིང་དང་ཀླུ་འབུམ་རྒྱལ། སྒྲོལ་མ་བཀྲ་ཤིས། སྟག་འབུམ་རྒྱལ། སྟག་བྷེ་སོགས་བྱ་འགུལ་སྟེང་ཞུགས་པའི་དགེ་རྒན་དང་། སློབ་མ་ཚོས་ཀྱང་སོ་སོའི་མྱོང་ཚོར་ལྷུག་པོར་བརྗོད་ཅིང་དོན་དངོས་དང་མཐུན་པའི་གདེང་འཇོག་མི་དམན་པ་བྱས། ཀུན་གྱིས་སྒྲུང་རིང་དེབ་གསར«མི་རབས་གསུམ་གྱི་གཏམ་རྒྱུད»ནི་འཚོ་བར་ཁ་ཐག་ཉེ་ཞིང་། གོ་བསྐོན་བློ་འགུག་གི་བྱེད་ནུས་ལྡན་ལ། ཁ་གསལ་གོ་བདེ་བས་ཀློག་པ་པོ་རབ་འབྲིང་ཀུན་ལ་འཚམ་པའི་སྒྲུང་དེབ་ལེགས་པོ་ཞིག་ཡིན་ཚུལ་བསྟན།
དེབ་གསར་འགྲེམ་སྤེལ་དང་གསར་རྩོམ་མྱོང་གླེང་གི་བྱ་འགུལ་ཡུལ་དངོས་ཀྱི་རྣམ་པ།
རྩོམ་པ་པོ་ངོ་སྤྲོད།
བན་དེ་ལྷུན་འགྲུབ། མཚོ་སྔོན་རེབ་གོང་ཚོ་བཞི་སྡེ་བའི་མི་ཡིན། བོད་རིག་པའི་འབུམ་རམས་པ། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་དུ་རིག་གཞུང་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ལས་ལ་འབད་མུས་སུ་ཡོད། བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་བོད་ཡིག་སྙན་ངག་འགྲན་སྡུར་ཆེན་མོར་བྱ་དགའ་ཨང་གསུམ་པ་ཐོབ། མཚོན་བྱེད་བརྩམས་ཆོས་ལ«ཚངས་མགུར་ལོ་མ» «སྣང་བ་སྒྱུ་མ» «ལམ་གྱི་ལེའུ»སོགས་ཡོད།
འབྲེལ་ཡོད་འོས་སྦྱོར།