«སྨིན་དྲུག་བོད་ཀྱི་ན་གཞོན་རང་མོས་སྙན་ངག་དཔེ་ཚོགས»པར་དུ་བསྐྲུན་པ།
རྩོམ་པ་པོ།:
ཡོང་ཁུངས།:སྦྲང་ཆར་འཕྲིན་སྟེགས།
དུས་ཚོད།:2024-12-06
ཀློག་གྲངས།:
ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ལོ་རེ་བཞིན་པར་བསྐྲུན་བྱེད་བཞིན་པའི་སྨིན་དྲུག་དཔེ་ཚོགས་ལས«སྨིན་དྲུག་བོད་ཀྱི་ན་གཞོན་རང་མོས་སྙན་ངག་དཔེ་ཚོགས»ཞེས་པ་པར་བསྐྲུན་འགྲེམས་སྤེལ་བྱས།
གངས་རྩེན། དངོས་མིང་ལ་བསོད་ནམས་སྟོབས་རྒྱལ་ཟེར། ཁམས་ཡུལ་ཤུལ་ནས་སྐྱེས། 2014ལོར་རྩོམ་རིག་འབུམ་རམས་པའི་བསླབ་གནས་བླངས། སྙན་ངག་རེ་འགའ«སྦྲང་ཆར»དང«གངས་རྒྱན་མེ་ཏོག»སོགས་སུ་སྤེལ། 2021ལོར་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། བརྩམས་ཆོས་ལ་སྙན་དེབ«ཨ་མའི་རྩམ་རིན»དང«སྲོད་དུས་ཀྱི་ཕྱི་མིག»སོགས་ཡོད།
སྙན་ངག་ནི་ནང་སེམས་ཀྱི་ཟབ་སར་བསྙལ་བའི་ཚོར་བའི་རུ་མ་ཡིན། སྙན་ངག་ནི་དགའ་སྐྱོ་ཆགས་སྡང་གིས་བསླས་པའི་འཚོ་བའི་ཁ་དོག་ཅིག་ཡིན། སྙན་ངག་གིས་སྐད་གསང་མཐོན་པོས་སྤྱི་ཚོགས་ཀྱི་རང་མདངས་རྣལ་མ་གླུ་རུ་ལེན་ཐུབ། ངག་རིག་གི་སྒྱུ་རྩལ་མཁའ་རུ་རྩེན་པའི་སྙན་ངག་གི་ཚོར་འདུ་ལས་འཕྲོས་པ་རེ་རེ་ནི། དུས་རབས་ཀྱི་ཁུག་སོ་ནས་གྱེར་བའི་དབྱངས་རྟ་རེ་རེ་ཡིན། སྙན་ངག་པས་དབྱངས་ཀྱི་འགྱུར་ཁུགས་འདི་དག་ཕྲག་ཏུ་བཏེགས་ཏེ་ག་ཚོད་འགོར་བ་སུ་ཡིས་རྟོགས།
ནམ་རྒྱུན་བསམ་གཞིག་སྣ་ཚོགས་ཀྱི་ཚོར་བ་རྣོ་ཤོས་ནི་ཕ་ཡུལ་གྱི་བདེ་སྡུག་ཡིན་པ་དང་། ལོ་ཟླའི་ཀློང་ནས་བརྗེད་མི་ཐུབ་པའང་ཕ་ཡུལ་གྱི་གཉེན་ཉེ་དག་གི་ངོ་གདོང་དང་རི་ཆུ་ནགས་གསུམ་ཡིན། འདི་ལྟར་ཕ་ཡུལ་ལ་དུང་བ་ཆེ་དོན་ཡང་མི་རྒས་ན་ཡུལ་དྲན་པ་དང་། ཕ་ཡུལ་ནི་ནམ་ཡང་སེམས་ནས་བརྗེད་དུ་མེད་ཅིང་། ཡུལ་མི་དག་གི་ཞལ་རས་ཀྱང་བར་མེད་དུ་དྲན་པའི་ངོས་སུ་འཆར་བར་བྱེད་པས། ཕྲན་གྱིས་སྣང་བ་རབ་རིབ་དག་དབྱངས་གསལ་གྱི་ཐ་སྙད་ལ་བརྒྱུས་ཏེ། ཕ་ཡུལ་དང་ཕ་ཡུལ་གྱི་སྤུན་ཟླ་དག་ལ་དབུལ་བར་འདོད། དེ་བས་བདག་གིས་བྲིས་པའི་སྙན་ངག་མང་བོའི་ཁྲོད་དུ་སྐྱོ་ངལ་དང་སེམས་ཁྲལ། སྡུག་ཡུས་དང་དྲན་གདུང་། ཕྱིར་དྲན་སོགས་མང་བའང་ཕ་ཡུལ་གྱི་བདེ་སྡུག་ཞེ་རུ་བརྣགས་པ་ཉག་གཅིག་གོ །
མགར་ཨ་ཁྱུང་། དངོས་མིང་ལ་ལྷ་མཁར་ཚེ་རིང་ཟེར། མཚོ་སྔོན་ཁྲི་ཀར་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། སྔ་ཕྱིར«སྦྲང་ཆར»དུས་དེབ་སོགས་ཀྱི་སྟེང་སྙན་ངག་དང་ལྷུག་རྩོམ། དཔྱད་རྩོམ་མང་བོ་སྤེལ་མྱོང་། བརྩམས་ཆོས་ལ«ངག་གི་མེ་ཏོག»དང་། «ཡིག་རྙིང་གནག་རབས་ལ་དཔྱད་པ»སོགས་ཡོད། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་ཡོད།
སྙན་ངག་གི་དེབ་ཆུང་འདི་ནི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། སྙན་ངག་འབྲི་བར་བརྩོན་པ་ལྷུར་ལེན་བགྱིས་པའི་གྲུབ་འབྲས་སུ་འཁུམས་ཤིང་། མི་ཚེའི་དབྱངས་རྟ་རེ་རེ་དཀར་འཇམ་ཤོག་ངོས་སུ་ཕབ་ཅིང་། དེ་ལས་སྙན་ངག་གི་ཤུགས་དྲག་པའི་བསམ་བློའི་བརྩེ་དུང་དང་ཀུན་རྟོག་གསར་བའི་གར་གྱི་འཇུག་ངོགས་སུ་ངང་མོ་རྩེན་པའི་ཉམས་ཀྱིས་ཞུགས་ཚུལ་དང་། སྙན་ངག་གི་མཁན་པོ་ཀུན་གྱི་ངག་ལས་ལྷུང་བའི་སྙན་ཚིག་ལ་བློ་སྦྱོང་རབ་དང་རིམ་པར་བགྱིས་པའི་བརྒྱུད་རིམ་ཞིག་ཡིན་པས། ལོ་ཟླའི་བཞུད་ལམ་རིང་མོའི་ཁྲོད་དུ་སྙན་ངག་ལ་གོ་བ་རགས་ཙམ་ལོན་པར་བྱས།
བདག་གི་སྙན་དེབ་འདིའི་ནང་དུ་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་མཆིས་པ་དང་། གཞན་ཡུལ་སེམས་སུ་གླན་པའི་འགྲུལ་བཞུད་ཀྱི་མཛེས་མ་དར་དཀར་ཁུད་དུ་གཅུད་ལ། འཚོ་བའི་རི་མོ་ཅི་རིགས་རི་ལུང་གི་གྲུ་ཟུར་སོ་སོར་བཀྲམ་སྟེ་གནས་ཤིང་། གང་ལ་བརྟེན་པའི་འཆར་ཡན་གྱི་རྟ་ཕོའང་ཚུད་པས། སྙན་པའི་ངག་ལ་སྤྲོ་བ་འབུམ་གྱིས་ཕྱུག་པས། བློ་ཆུང་གཉོམ་ལག་མ་རྒྱས་པ་དག་ལ་མཆོད་པའི་ཟས་སུ་འགྱུར་ན། ངའི་སྙན་ངག་གི་ལས་སུ་བྱ་བའང་གྲུབ་པར་འདོད། གཞན་མི་འདོད་བློ་ཡིས་ཚིག་མདའ་སྣ་ཚོགས་འཕེན་པར་བྱེད་ནའང་། མི་དགའ་བའི་ཉམས་འགྱུར་སྤུ་ཙམ་མེད་པའི་ཕྱོགས་སུ་འབད་པར་ངེས།
གཅན་ཆེད་འབར། དངོས་མིང་ལ་ཕག་མོ་དོན་གྲུབ་ཟེར། མཚོ་སྔོན་གཅན་ཚར་སྐྱེས། 2007ལོར་བོད་ལྗོངས་སློབ་ཆེན་ནས་མཐར་ཕྱིན་ཏེ་མངའ་རིས་སུ་དགེ་རྒན་གྱི་བྱ་བར་ཞུགས། ཚགས་པར་དང་དུས་དེབ་སོགས་སུ་སྙན་ངག་གཙོས་པའི་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ། ད་ལྟ་བྱ་བའི་ཞོར་དུ་དཔེ་ཀློག་དང་རྩོམ་རིག་གསར་རྩོམ་ལ་འབད་བཞིན་ཡོད།
སྙན་དེབ་འདི་སྒྲིག་སྐབས་སྙན་ངག་གི་ཁ་བྱང་དང་བརྗོད་གཞི། ཐ་ན་ངག་སྦྱོར་གྱི་གསེང་ནས་རྙེད་དགོས་པའི“དགོངས་པ”དེ་དག་རིགས་འདྲ་ཡིན་པའི་སྣང་བ་བཅོས་མིན་དུ་སྐྱེས་འོངས། ད་དུང“ཤུགས་རྐྱེན་གྱི་སེམས་ཁྲལ”ཞེས་སྤྱིར་རྩོམ་པ་པོའི་བརྩམས་ཆོས་དང་། ནང་སྒོས་ལས་དང་པོ་པའི་བརྩམས་ཆོས་ལ་ལད་ཟློས་ཀྱི་ཤུགས་རྐྱེན་ཐེབས་སྲིད་པ་ལྟར་སྙན་ངག་ཁ་ཤས་ཀྱི་མཚོན་ཐབས་དང་ཚིག་སྦྱོར། བརྗོད་གཞི་སོགས་ལ་ལད་ཟློས་ཀྱི་ཤུགས་རྐྱེན་མངོན་སུམ་དུ་ཐེབས་འདུག་སྙམ། གང་ལྟར་སྙན་དེབ་འདིར་འཁོད་པའི་སྙན་ངག་རྣམས་ལ་བལྟས་ཀྱིན་བལྟས་ཀྱིན“རེས་འགའ་བའི་ང”ཡི་གང་རུང་ཞིག་འཆད་ཀྱིན་པའི་ཉམས་སྣང་སྦྱིན་འོངས། དེར་ཁག་ཅི་ཡོད་དེ་ང་འཚོ་གནས་བྱེད་ས་དང་འགྲོ་འཆག་ཉལ་འདུག་བྱེད་སའི་ཁོར་ཡུག་འདི་ལས་རིང་དུ་བསྐྱོད་མ་མྱོང་ལ། “དཀོན་མཆོག་དང་ཐག་ཉེ་ཞིང་དཀོན་མཆོག་གི་མགྲིན་ཚབ་པར”བསྔགས་པའི་སྙན་ངག་པའི་བརྟུལ་ཞུགས་བླངས་ཀྱང་གནས་འདི་དང་ཁད་ཀྱིས་ཆོད་པ་ཀུན་དང་། རྒྱ་ཆེ་ཞིང་གཏིང་ཟབ་པ་དག་ཁོ་བོའི་མིག་དང་ཡིད་ཀྱིས་འཚོ་ཞིང་སྙོར་མི་ཐུབ་པར། དུས་རྟག་ཏུ“བདག་ཉིད”ཀྱི་གནས་སྐབས་གང་རུང་ཞིག་བརྗོད་པར་བྲེལ་འདུག་པའི་དབང་གིས་མིན་ནམ་སྙམ། རང་རེའི་ནང་བསྟན་གྱི་ཐད་ནས་བཤད་ན“ང”ཡི་གནས་སྐབས་གང་རུང་གི་སེམས་བྱུང་མཐའ་དག་བརྗོད་པ་ལས། ང་ཚོས“ང”ཡི་ངོ་བོར་འདྲིས་ཤིང་རྟོགས་པར་བྱེད་ཐུབ་ཅིང་། ནུབ་གླིང་བློ་འབྱེད་ལས་འགུལ་དང་དེང་རབས་རིང་ལུགས་ཀྱི་དགོངས་པའི་ཐད་ནས་བཤད་ན“ང”ཡི་རང་གཤིས་དང་ཚོར་འདུ། བསམ་བློ་སོགས་ནི་གཙུག་ཏུ་བཀུར་ཞིང་བླང་བར་བྱ་བའི་གནས་ཡིན། “རྩོམ་རིག་ནི་མིའི་རིག་པ་ཡིན”ཞེས་པའི་རྩ་དོན་ལྟར་ན། འདིའི“མི”ནི་མིའི་རིགས་རིག་པའི་ཁྲོད་ཀྱི་མི་ལྟར་ཚོགས་སྤྱི་གང་དེའི་ཡོངས་ཁྱབ་རང་བཞིན་གྱི་ཚབ་མཚོན་ལྟ་བུ་ཡིན་པས། “ང”ནི་གང་ཟག་སྒེར་རེ་རེ་ཡིན་ཡང་དེ་ནི་ཡོངས་ཁྱབ་རང་བཞིན་གྱི་ཚབ་བྱེད་ལྟ་བུ་ཞིག་དང་། ཡིད་འགྱུར་དང་དོན་བརྗོད་ཀྱི་འབྲེལ་བའི་སྟེང་ནས་བཤད་ནའང“ང”དང་ང་ཡི་འབྲེལ་བའི་སེམས་བྱུང་དེ་དག་ནི་གཟུང་བ་ཡུལ་གྱི་རྐྱེན་གང་རུང་ཞིག་གིས་བསྐྱེད་པས་ན“ང”དང་ང་ཡི་སེམས་བྱུང་བརྗོད་པར་དགེ་མཚན་ཆེ་ཞིང་། ཀློག་པ་པོ་རྣམས་ཀྱིས་ཀྱང“ང”ནི་སྙན་དེབ་འདིའི་ཕྱི་ནང་གསང་གསུམ་མཐོང་བྱེད་ཀྱི་སྐར་ཁུང་ཞིག་ཏུ་བལྟས་ན་ཆོས་གང་རུང་ཞིག་མཐོང་མི་འོང་ངམ་སྙམ།
འགར་སྐལ་བཟང་། དངོས་མིང་ལ་སྐལ་བཟང་རྒྱལ་ཟེར། མཚོ་སྔོན་རེབ་གོང་དུ་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། «སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ»སོགས་སུ་སྙན་ངག་མང་བོ་ཞིག་སྤེལ། དཔེ་དེབ«རྟ་རྐྱང་དབྱེ་བའི་རབས་ལ་དཔྱད་པ»སོགས་པར་དུ་བསྐྲུན་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་སུ་ལས་ཀ་གཉེར་མུས་ཡིན།
མི་ཚེ་ནི་ཀྱག་ཀྱོག་ཏུ་འཐེན་པའི་བཞུད་ལམ་རིང་མོ་ཞིག་སྟེ། ལན་རེར་བགྲོད་པའི་ལམ་བུ་ཇེ་རིང་དང་ལོ་ཟླའི་གཉེར་རིས་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས། འདང་རྒྱག་མང་ཞིང་ཐེ་ཚོམ་དང་དོགས་གཞི་མང་ལ། བསྐྱར་ཟློས་ཀྱི་སྣང་ཚུལ་མང་བ་སོགས་ཀྱིས། སྨྱུག་རྩེ་འཛུགས་ས་མེད་པའི་སྣང་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་ཤིང་། ལན་རེར་ལམ་བྲོ་འདི་ཇི་ལྟར་ཟོས་ན་དེ་ལྟར་ཐང་ཆད་པའི་སྣང་བ་ཞིག་ཀྱང་སྐྱེས་ཡོང་། གཞན་ཡང་སྔོན་དགེ་རྒན་ཆེན་མོ་ཞིག་གིས་སྙན་ངག་གིས་བག་ལེབ་བཟོ་ཐུབ་བམ་ཞེས་དྲི་བ་བཏོན་མྱོང་། སྐབས་དེར་ལོ་ན་ཆུང་བ་དང་ཉམས་མྱོང་མེད་པ། ལྟ་རྒྱ་མཐོང་རྒྱ་མེད་པ་སོགས་ཀྱི་དབང་གིས་ཅི་ཡིན་འདི་ཡིན་མེད་པར་ཧད་ནས་མི་འདུག་ཀ་མེད་བྱུང་། ད་ལྟ་བསམས་ན་སྔོན་བྱོན་གྱི་མཁས་པ་དམ་པ་དག་གིས་བྲིས་པའི་སྙན་ངག་གིས་བག་ལེབ་བཟོ་མི་ཐུབ་ཀྱང་། བག་ལེབ་བཟོ་བའི་གནས་ལུགས་བསྟན་ཡོད་པ་དེ། ང་ཚོས་ཤུགས་ནས་རྟོགས་དགོས་པ་ཞིག་རེད་ཅེས་ངས་ལམ་ཁ་ནས་བསམ་བློ་ཞིབ་ཏུ་བཏང་མྱོང་ལ། ཆིག་ལབ་བརྒྱབ་པའང་བགྲང་ལས་འདས།
ཡིན་ནའང་བཤུལ་ལམ་རིང་མོ་དེར་ཤུགས་ཀྱིས་སྒྲོག་པའི་ནང་སེམས་ཀྱི་རྡོག་སྒྲ་རེ་རེ་སྔས་འགྲམ་དུ་བཀུག་སྟེ་ལྷིང་འཇགས་ངང་ཅི་ཞིག་ལ་རྒྱང་ལྟ་བྱེད་སྐབས། འཇིགས་སྐྲག་དང་ཐེ་ཚོམ། སྡུག་བསྔལ་དང་ན་ཟུག་བཅས་མང་བོ་ཞིག་རྗེན་པར་རུམ་ནས། རང་གི་རྩ་ལམ་དུ་རྒྱུ་བའི་ཚོར་བ་སྣ་ཚོགས་རྔམ་འཐུང་བྱེད་པ་ལས། ངས་ཁྱོད་ཚོར་ངོམ་དུ་རི་བའི་ལེགས་སྐྱེས་ཅི་ཡང་མ་རྙེད་པ་ནི་སྡུག་བསྔལ་གྱིས་བསྐྱེད་པའི་སྡུག་བསྔལ་ལྷག་མ་དེ་ཡིན།ཕྱི་རོལ་ཏུ་ལྷགས་རླུང་འུར་འུར་ལྡང་བས་གྲང་འདར་ཞིག་ཀྱང་ངང་གིས་རྒྱག ངས་སྟོད་ལྭ་མཐུག་པོ་དེ་གཡང་ཤམ་བྱས་རྗེས། མུ་མཐུད་དུ་རྒྱང་རིང་རྒྱང་རིང་གི་ལམ་ཁ་དེ་སྙེག་བཞིན་ལམ་དུ་ཆས་པ་ཡིན།
རྒྱང་རིང་གི་ལམ་ཁ་དེ་ན་ཅི་ཞིག་ཡོད་པ་སུ་ཡིས་རྟོགས། གང་ལྟར་ལམ་བུ་དེ་མ་ཟད་བར་དུ། རྐང་རྗེས་འདི་མི་འཆོལ་ཞེས་ཆིག་ལབ་རྒྱག་བཞིན་ང་ནམ་ཡང་ལམ་ཁ་དེ་རུ་ཡོད།
ཁེར་བུ། དངོས་མིང་ལ་ལྷ་ལུང་རྒྱ་མཚོ་ཟེར། 1992ལོར་མཚོ་སྔོན་རེབ་གོང་དུ་སྐྱེས། དུས་དེབ་དང་ཚགས་པར་སོགས་སུ་རྩོམ་ལུས་མི་འདྲ་བའི་རྩོམ་ཡིག་བརྒྱ་ལྷག་སྤེལ་མྱོང་། སྔ་ཕྱིར་བོད་ཀྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་དང་པོ་དང་། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་གསུམ་པ། “སྦྲང་ཆར་སྨྱུག་གསར་བྱ་དགའ”དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སོགས་ཐོབ། སྙན་དེབ«དགུན་ཟླ་ར་བའི་བྱིས་པ»དང་། འགྱུར་དེབ«བྱིས་སྒྲུང་ནང་གི་འཇིག་རྟེན»སོགས་ཡོད།
སྙན་དེབ་འདིར་ངས་ཐོག་མར་བྲིས་པའི་སྙན་ངག་སྐོར་ཞིག་དང་། ལོ་འདི་འགར་གསར་དུ་བྲིས་པའི་ཞིང་གྲོང་བརྗོད་གཞིར་བཟུང་བའི་སྙན་ངག་སྐོར་ཞིག དེ་མིན་འཐེན་སྒམ་དུ་བཅུག་ཡོད་པའི་སྙན་ངག་དག་ལས་ཚབ་མཚོན་དུ་རུང་བ་དག་བདམས་ནས་གྲུབ་ཡོད་ཅིང་། གསར་རྩོམ་དུས་ཚོད་ཀྱི་སྔ་ཕྱིའི་གོ་རིམ་ལྟར་བསྒྲིགས་ཡོད་པས། སྙན་དེབ་འདི་ནི་ངའི་སྙན་ངག་གསར་རྩོམ་གྱི་སྤྱི་བསྡོམས་ཤིག་ཡིན་ཞེས་ཀྱང་བརྗོད་ཆོག དེབ་འདིར་བསྡུས་པའི་སྙན་ངག་དག་ནི་ཁ་དམ་ལྷོད་གང་རུང་གི་སྒོ་ནས་བྲིས་པ་ཡོད་ཅིང་། ཡིད་བརྙན་ལྟར་བྲིས་པ་དང་གླུ་ཚིག་ལྟར་བྲིས་པ། བསྡུས་བརྗོད་ལྟར་བྲིས་པ། དུང་བརྗོད་ལྟར་བྲིས་པ་སོགས་འདུས་ཡོད་པས། སྙན་ངག་འདི་དག་ལ་མ་གཞི་ནས་འབྲི་ཐབས་མི་གཅིག་པ་དང་འགྱུར་བག་རྒོད་པ། སོ་ན་གནས་མེད་པ། འདྲ་ཤས་ཆུང་བ་སོགས་ཀྱི་ཁྱད་ཆོས་ཤིག་མཆིས་སྲིད་ན་དེ་ནི་ཧ་ཅང་དགའ་འོས་པའི་གནས་སོ། །
བདག་གིས་ནམ་ཡང་སྙན་ངག་གསར་རྩོམ་ནི་ཚོད་ལྟའི་རང་བཞིན་ཅན་ཞིག་དང་། འཕེལ་འགྱུར་རང་བཞིན་ཅན་ཞིག་ཡིན་པར་འདོད་ཅིང་། སྙན་ངག་གསར་རྩོམ་ནི་ནམ་ཡང་བྲི་མི་ཚར་བའི་སྙན་ངག་ལྟ་བུ་ཞིག་ཡིན་དགོས་པ་ལས། གཏན་ཆགས་སུ་གནས་པ་དང་འཕེལ་མེད་སོར་གནས་སུ་ལུས་མི་རུང་། དེ་བས་སྙན་ངག་ཀྱང་ཟིན་ཐོ་འགོད་པ་ཙམ་མ་ཡིན་པར། རང་མོས་དང་གསར་རྙེད་སོགས་དང་འབྲེལ་དགོས་པ་མ་ཡིན་ནམ། ངས་ཀྱང་གཏན་དུ་རྨོ་མོ་དང་བྱིས་དུས། རྣང་ཞིང་། ཞིང་གྲོང་། འབྲུ་རིགས་སོགས་ལུས་དྲོད་མ་ཡལ་བའི་ཐ་སྙད་དག་ཁྱེར་ནས། རྡོ་བའི་ན་ཟུག་དང་མཐོ་སྒང་འདིའི་ཁུ་སིམ་ཡོད་ཚད་དབྱངས་གསལ་གྱི་ལམ་ནས་བསྟར་རྒྱུ་བྱུང་ན། དེ་ནི་ངའི་ཚེ་ནོམ་དུ་རློམ་པའི་དཔེ་ཀློག་དང་སྙན་ངག་གསར་རྩོམ་གྱི་དོན་སྙིང་ངོ་། །
གླིང་ཚ་སྙིང་རྒྱལ་འབུམ། སྨྱུག་མིང་ལ་གླིང་བུར་འབོད། མཚོ་སྔོན་ཁྲི་ཀར་སྐྱེས། སྙན་ངག་དང་དཔྱད་རྩོམ་སོགས་རྩོམ་ཡིག་རེ་འགའ«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ» «མཚོ་སྔོན་སྤྱི་ཚོགས་ཚན་རིག»སོགས་སུ་སྤེལ། ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་ཡོད།
སྙན་དེབ་འདིར་དཔེ་ཚོགས་སྤྱིའི་ཇུས་འགོད་ཀྱི་བླང་བྱ་ལྟར་རང་མོས་སྙན་ངག་ཁོ་ན་བསྡུས་ཡོད་པ་དང་། སྙན་ངག་བྲིས་པའི་དུས་རིམ་ལ་མ་བལྟོས་པར་སྙན་ངག་ཐུང་ངུ་སྔོན་དང་སྙན་ཚོམ་རྗེས་སུ་བཀོད་དེ་གྲུབ་པར་བྱས་ཡོད། སྙན་ངག་གི་བརྗོད་བྱའི་ཐད་ནས་ཀྱང་སྐྱེས་ཡུལ་ཞིང་གྲོང་གི་འཚོ་བ་དང་། སྔ་ཕྱིར་སློབ་གསོ་དང་རྩོམ་སྒྲིག་གི་ལས་ཀ་གཉེར་བ་བཅས་རང་གི་ཆེས་ཉེ་བའི་འཚོ་བ་དང་འབྲེལ་ནས་བརྩེ་དུང་དང་། ཕྱིར་དྲན། དངོས་ཡོད། ཐོབ་ཤོར། འདུ་འབྲལ། འཚོལ་སྙེག ཕུགས་བསམ་སོགས་བརྗོད་གཞིར་བཟུང་སྟེ། དེ་དག་ལ་བཟུང་བའི་ལྟ་སྟངས་དང་། དེ་དག་ལས་བྱུང་བའི་རྟོག་འགྱུ་སྣ་ཚོགས་བྲིས་ཡོད་ཅིང་། ཁྱད་པར་དུ་ལོ་འདི་འགར་བདག་གི་དགའ་ཕྱོགས་གཞན་ཞིག་སྟེ། ས་གནས་ཀྱི་རི་ཆུའི་རིག་གནས་ལ་དོ་སྣང་ངམ་སློབ་སྦྱོང་བྱས་པ་དང་འབྲེལ། སྐྱེ་ཁམས་རྩོམ་རིག་གི་ཟུར་ངོས་ནས་བག་ལ་ཞ་བའི་རིག་གནས་ཀྱི་སྣང་ཚུལ་གང་ཞིག་ལ་ཕངས་སེམས་དང་། རེ་འབོད། བསྐྱར་སྐྲུན་སོགས་ཀྱིས་མཚོན་པའི་སྙན་ངག་ཀྱང་ཚུད་ཡོད།
སྙན་ངག་འབྲི་བ་ནི་རང་གི་དགའ་ཕྱོགས་ཤིག་ཏུ་གྲུབ་པ་ནས་མགོ་བརྩམས་ཏེ། ད་ལྟ་སྙན་ངག་ཀློག་པའང་ལས་ཀ་ཞིག་ཏུ་གྱུར་པའི་དུས་འདིར། ཡིད་ལ་ཡང་ཡང་འཆར་འོང་བ་ཞིག་ནི། གཅིག་ནས་སྙན་ངག་འབྲི་བ་ལ་ཚོར་བ་ཁོ་ནའི་འཆིང་རྒྱ་ལས་བརྒལ་ཏེ། འཚོ་བ་དངོས་ཀྱི་ཉམས་མྱོང་གི་སྟེང་ནས་དཔེ་ཀློག་མང་དུ་བྱེད་པ་ནི་ཤིན་ཏུ་གལ་ཆེ་བར་སེམས་ལ། ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དཔེ་ཀློག་གི་རྩིས་ཀྱིས་ཟིན་མེད་པར། ཨུ་ཚུགས་ཀྱིས་རང་གི་ཚོར་བ་ཁོ་ནར་བརྟེན་པ་ནི་སྨུག་ལོང་ནང་གི་ལམ་འགྲོ་པ་དང་མཚུངས། གཉིས་ནས་མི་རིགས་སོ་སོའི་མཛེས་དཔྱོད་ཀྱི་ལྟ་སྟངས་མི་འདྲ་བར་བརྟེན། སྙན་ངག་གི་ཡིད་བརྙན་གྲུབ་སྟངས་ལའང་ཐུན་མོང་གི་ཆ་ཡོད་ལ་ཐུན་མིན་གྱི་ཆའང་ངེས་པར་ཡོད་སྲིད་པས། ཡིད་བརྙན་དུ་གྲུབ་པ་ཡོད་དོ་ཅོག་རང་རིགས་ཀྱི་མཛེས་དཔྱོད་ལྟ་སྟངས་ཡིན་མིན་ལ་མ་བལྟོས་པར་འཇོལ་ཉོག་ཏུའང་སྤྱོད་མི་རིགས་པར་སེམས། གསུམ་ནས་བོད་རང་གི་མིང་དང་ཚིག་གི་གྲུབ་ཆ་སྟེ། བརྡ་སྤྲོད་ཀྱི་སྤྱིའི་སྒྲིག་གཞི་གཏོར་ནས་གཞན་ཚིག་བོད་ལ་འདྲེན་རྐྱང་བྱེད་པ་སོགས་ཀྱང་སྙན་ངག་འཕེལ་རྒྱས་ཀྱི་གེགས་ཤིག་ཏུ་སྙམ་པས། སྐབས་ལན་རེར་ད་ལྟའི་དུས་འདིར་འཕེལ་རྒྱས་ལས་རྒྱུན་འཛིན་ནི་ཅི་འདྲའི་གལ་ཆེ་བ་ལ་ཨང་སྙམ་པའི་ཚོར་བ་ཞིག་ཀྱང་རྒྱུན་མར་འབྱུང་བ་བཅས་ནི། རང་ཉིད་སྙན་ངག་གསར་རྩོམ་གྱི་ལམ་ཁ་འདིར་ཞུགས་པ་དང་། ལོ་འདི་འགར་སྙན་ངག་རྩོམ་སྒྲིག་གི་བྱ་བའི་ཁྲོད་བྱུང་བའི་ངེས་ཤེས་ཙམ་ཡིན་ཞིང་། བདག་གིས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་ཡང་ཡིན།
འབྲེལ་ཡོད་འོས་སྦྱོར།