«ཐུབ་པའི་སྐྱེས་རབས་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བར་དཔྱད་པ་མཁས་པའི་ལེགས་བཤད་འདྲེན་པའི་ལྷ་རྫས་དཀར་པོ»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-12-11
ཀློག་གྲངས།:
ཉེ་ལམ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་གྱིས་བརྩམས་པའི«ཐུབ་པའི་སྐྱེས་རབས་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བར་དཔྱད་པ་མཁས་པའི་ལེགས་བཤད་འདྲེན་པའི་ལྷ་རྫས་དཀར་པོ»ཞེས་བྱ་བ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
«ཐུབ་པའི་སྐྱེས་རབས་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བར་དཔྱད་པ་མཁས་པའི་ལེགས་བཤད་འདྲེན་པའི་ལྷ་རྫས་དཀར་པོ»ཞེས་བྱ་བ་ནི། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆབ་འགག་རྟ་མགྲིན་གྱིས་བརྩམས་ཤིང་། བོད་ལྗོངས་སློབ་ཆེན་གྱིས་མ་དངུལ་བཏང་བ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱེད་ཀྱིན་ཡོད། སྟོན་པ་ཤཱཀྱ་ཐུབ་པས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་གསུངས་པའི་སྐྱེས་རབས་མང་པོ་བོད་ལ་འགྱུར་བ་དང་འཆད་ཉན་རྒྱ་ཆེར་སྤེལ་བ་དང་ཆབས་ཅིག བོད་ཀྱི་རིག་ཚན་ཁག་ཏུ་བྱེ་མ་ལ་མར་ཁུག་ཐིམ་པ་དང་། རྡོ་ཚན་ལ་ཁ་བ་སིམ་པ་བཞིན་དབྱེར་མེད་དུ་འདྲེས་པ་ཡིན་ན། དཔེ་དེབ་འདིར་བཀའ་བསྟན་སོགས་ཀྱི་གསུང་སྒྲོས་ལ་ཁུངས་བཅོལ་ནས་སྐྱེས་རབས་ཀྱི་མཚན་ཉིད་དང་ཁྱད་ཆོས། བསྟན་དོན་སོགས་ཕྱོགས་སྡོམ་མཛད་པ་དང་། སྐྱེས་རབས་དེ་དག་གསུང་བའི་ཡུལ་དང་རྐྱེན་ནམ་སྐབས་བབ་གསལ་བར་བསྟན་ཐོག གཤིབ་སྡུར་རིག་པའི་ཐབས་ལ་བརྟེན་ནས། བོད་ཀྱི་སྲོལ་རྒྱུན་སྒྲུང་གཏམ་དང་ལོ་རྒྱུས་ངག་རྒྱུན། རྣམ་ཐར་རྟོགས་བརྗོད། སྙན་ངག ལུགས་ཀྱི་བསྟན་བཅོས་སོགས་ཀྱི་བརྗོད་དོན་དང་། ལྡེབས་རིས་སམ་ཐང་ག འཇིམ་བཟོའི་བཞེངས་བྱ། གནའ་བོའི་ཁྲིམས་སྲོལ་དང་ཞལ་ལྕེ་གཅོད་སྟངས་ཀྱི་དཔེ་གཞི་བཅས་ཀྱི་ཁུངས་རྒྱལ་བའི་བཀའ་འགྱུར་ཁྲོད་ཀྱི་ཐུབ་པའི་སྐྱེས་རབས་ལ་གཏུག་གང་ཐུབ་མཛད་པར་མ་ཟད། དེ་དག་ལ་སྦྱོར་བའི་དགོས་པའམ་རྒྱུ་མཚན་ཡང་གསལ་པོར་བསྟན་པས། བོད་ཀྱི་རིག་པ་དོན་གཉེར་ཅན་རྣམས་ལ་ཉེ་བར་མཁོ་བའི་དཔེ་དེབ་ཅིག་ཡིན་ཏེ། སྤྲོ་བ་ཡོད་པའི་མི་སྒེར་དང་ལས་ཁུངས་གིས་རྩོམ་པ་པོར་འབྲེལ་བ་མཛོད་དང། རིན་མེད་དུ་མཁོ་སྤྲོད་བྱ་རྒྱུ་རེད།
རྩོམ་པ་པོ་ངོ་སྤྲོད།
ཆབ་འགག་རྟ་མགྲིན། སྤྱི་ལོ༡༩༥༥ལོར་མདོ་སྨད་ས་ཡི་ཁོངས་གཏོགས་ཆབ་འགག་གསེར་གཞུང་རིང་མོའི་རྒྱལ་ར་སྡེ་ཆེན་དུ་སྐྱེས་ཤིང་། སྤྱི་ལོ༡༩༦༤ལོ་ནས་རིམ་བཞིན་སློབ་ཆུང་ནས་སློབ་ཆེན་འགྲིམས་པའི་སྐལ་བ་སྨིན་པ་དང་། ཁྱད་པར་དུ༡༩༨༩ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་པའི་སློབ་གནས་བླངས་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་དུ་སློབ་ཁྲིད་དང་དོ་དམ་གྱི་ལས་ཀ་གཉེར་བའི་ཞོར་དུ་རིག་གཞུང་ཞིབ་འཇུག་གི་ལས་ལ་ཞུགས་ཏེ། «བོད་ཡིག་རྡོ་རིང་ཞིབ་འཇུག»དང«བོད་ཀྱི་རྩོམ་རིག་ལོ་རྒྱུས» «ཐུབ་པའི་སྐྱེས་རབས་དང་བོད་ཀྱི་རིག་གནས་ཀྱི་འབྲེལ་བར་དཔྱད་པ»སོགས་དཔེ་དེབ༡༡པར་སྐྲུན་འགྲེམ་སྤེལ་མཛད་པ་དང་། «ཁྲི་སྲོང་ལྡེའུ་བཙན་རྒྱ་ཚ་ཡིན་མིན་ལ་དཔྱད་པ»དང«པདྨ་རྒྱས་པའི་གྲོང་ཁྱེར་གྱི་བོད་ཡིག་རྡོ་རིང་ཁག་ལ་དཔྱད་པ»སོགས་བོད་རིག་པའི་དཔྱད་རྩོམ༨༠ལྷག«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག»སོགས་སུ་སྤེལ་བར་མ་ཟད། དེ་དག་ལས་དཔེ་དེབ༣དང་དཔྱད་རྩོམ༡༡ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་ཅིང་། སྔ་གཞུག་ཏུ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་མ་དངུལ་ལས་གཞི༤དང་། རྒྱལ་ཁབ་སློབ་གསོ་པུའུ་ཡི་ལས་གཞི༢གཙོ་སྐྱོང་མཛད་ནས་ལེགས་འགྲུབ་བྱུང་། ཁོང་གི་སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་གི་འབུར་ཐོན་གྲུབ་འབྲས་ལ་དམིགས་ནས་རྒྱལ་ཁབ་སློབ་གསོ་པུའུ་ཡིས་སྔ་གཞུག་ཏུ་རྒྱལ་ཡོངས"མཐོ་རིམ་སློབ་གྲྭའི་ཕུལ་དུ་བྱུང་བའི་ན་གཞོན་དགེ་རྒན་གྱི་བྱ་དགའ"དང་། "རྒྱལ་ཁབ་རིམ་པའི་དགེ་རྒན་མཚན་སྙན་ཅན་གྱི་བྱ་དགའ"གནངས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས"རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སྤྱོད་པའི་ཆེད་མཁས"སུ་དཔྱད་འདེམས་མཛད་པ་ཡིན། གཞན། ཨ་མེ་རི་ཀ་དང་ཧོ་ལན། ཁ་ན་ཏ། མོང་གོལ། ནོར་ཝེ། ཧྥ་རན་སེ་བཅས་རྒྱལ་ཁབ་ཏུ་བསྐོང་ཚོགས་བྱས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ལའང་གདན་དྲངས་པ་ལྟར་ཞུགས་ནས་དཔྱད་རྩོམ་སྒྲོག་སྤེལ་མཛད་མྱོང་ངོ་། །
འབྲེལ་ཡོད་འོས་སྦྱོར།