logo

བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས་ལས«གཉན་རིམས་ནད་ཀྱི་སྤྱི་དོན་བློ་གསལ་འཇུག་ངོགས»དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2025-01-02 ཀློག་གྲངས།:
       ཉེ་ལམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས་ལས་མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དོ་རྒྱ་བསོད་ནམས་རྡོ་རྗེས་བརྩམས་པའི«གཉན་རིམས་ནད་ཀྱི་སྤྱི་དོན་བློ་གསལ་འཇུག་ངོགས»དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས།
       དཔེ་དེབ་འདི་ནི་རྩོམ་པ་པོ་དོ་རྒྱ་བསོད་ནམས་རྡོ་རྗེ་ལགས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མའི་བསླབ་གནས་དཔྱད་རྩོམ་སྟེ། བོད་ཀྱི་གསོ་བ་རིག་པའི་གཞུང་གི་གཉན་རིམས་ཀྱི་ངོས་འཛིན་དང་སྨན་སྦྱོར་རིགས་ལམ་དཔྱད་ཞིབ་ཅེས་པར་གསལ་བའི་རབ་བྱེད་ལྔའི་དོན་ཁོལ་ཏུ་ཕྱུངས་ཏེ་བརྩམས་པ་ཞིག་ལགས་ཤིང་། འདིར་བོད་ཀྱི་གསོ་དཔྱད་གཞུང་དུ་གསལ་བའི་སྤྱིར་བཏང་གི་རིམས་ཞེས་པའི་ངོ་བོ་ངེས་ཚིག་དང་། དབྱེ་བསྡུ། རིམས་དང་གཉན་རིམས་བར་གྱི་འབྲེལ་བ། གཉན་ཞེས་པའི་སྒྲ་དོན་ལས་འཕྲོས་ཏེ་གང་གི་ཕུགས་རྒྱུད་གང་ལ་ཐུག་ཚུལ། སྲིད་པ་གཉན་དང་གཉན་རིམས་བར་གྱི་འབྲེལ་བའི་ཚུལ་ལ་བརྟགས་ཏེ་གཉན་རིམས་ནད་ཀྱི་སྤྱི་དོན་བཀྲལ་ཅིང་། དེ་ནས་གཉན་རིམས་གང་གིས་བསྐྱེད་པའི་རྒྱུ་ལ་སྔོན་བྱོན་མཁས་པའི་བཞེད་དགོངས་མི་འདྲ་བ་དྲུག་གི་མཐའ་ལ་དཔྱད་དེ། གང་གི་སྤྱི་རྒྱུ་མ་རིག་པ་དང་། ཁྱད་པར་གྱི་རྒྱུ་ཉོན་མོངས་དུག་གསུམ། ཉེ་བའི་རྒྱུ་ཁྲག་སྲིན། ཤིན་ཏུ་ཉེ་བའི་རྒྱུ་ཆུ་སེར་ནག་པོ་ཡིན་པར་ཚུལ་གསུམ་རྟགས་ཀྱིས་བསྒྲུབས་པ་གཞིར་བྱས། གཉན་རིམས་ཀྱི་དབྱེ་བསྡུའི་ཐད་ཀྱི་བཞེད་ལུགས་མི་འདྲ་བ་བརྒྱད་ལ་དབྱེ་ཞིབ་ནན་ཏན་བགྱིས་ཏེ། གཉན་རིམས་ཀྱི་རྩ་བའི་དབྱེ་བ་ང་བདུན་དང་། ཡན་ལག་གི་དབྱེ་བ་བརྒྱ་དང་རེ་བརྒྱད་ཡོད་པའི་ལྟ་ཚུལ་གསར་དུ་བཏོན་པ་དང་། དེ་འབྲེལ་གྱིས་གཉན་རིམས་བྱུང་བའི་རྟགས་ལ་རེག་པ་རྩ་དང་མཐོང་བ་ལྕེ། བལྟ་བ་ཆུ། དྲི་བ་ན་ལུགས་བཅས་ཕྱོགས་བཞིའི་སྒོ་ནས་དཔྱད་ཅིང་། རྟགས་སོ་སོའི་འབྲེལ་ལམ་ངེས་སྲོལ་གྱིས་གཞུང་དང་ཕལ་ཀ་སྤྲད་ཡོད་ལ། དེ་ལྟའི་རྟགས་ཀྱི་ངེས་པས་གང་ལ་གསོ་ཚུལ་ཇི་ལྟར་འཇོག་པའི་ཐད་ལ་སྤྱི་དང་བྱེ་བྲག་གཉིས་སུ་དགར་ཞིང་། དེའང་གསོ་དཔྱད་གཏེར་མའི་གཞུང་དང་ཐུན་མོང་གསོ་རིག་གཞུང་གི་དགོངས་པ་བསྡུར་བའི་ཚུལ་གྱིས། སྤྱི་ལ་གཉན་ཚད་རླུང་གསུམ་གྱི་གསོ་ཚུལ་དང་། མི་ཤ་འཕྲང་འཕྲད་ལྟ་བུའི་གསོ་ཚུལ། སྡོམ་བསད་དབྱུང་བསལ་གྱི་གསོ་ཚུལ་སོགས་དྲུག་དང་། བྱེ་བྲག་ལ་གཉན་བྱིན་ལྷོག་དང་གཉན་རྒྱུག་འགྱེལ་ནག་པོ། གཉན་ལྷོག་པ། གཉན་གག་པ། གཉན་རྒྱུ་གཟེར། གཉན་གློ་རིམས་ཁྲག་འབྱམས། གཉན་མཁྲིས་པ་རྩར་རྒྱུག གཉན་ཁ་མེད་བཅས་གཉན་རིམས་མི་འདྲ་བ་དགུའི་གསོ་ཚུལ་རྣམས་ཞིབ་པར་སྤྲོས་ཡོད་དོ། །
རྩོམ་པ་པོ་ངོ་སྤྲོད།
       དོ་རྒྱ་བསོད་ནམས་རྡོ་རྗེ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། བོད་ཀྱི་གསོ་བ་རིག་པའི་འབུམ་རམས་པ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། མཚོ་སྔོན་ཞིང་ཆེན་གྱི2022ལོའི་ཁུ་ནུ་འཇོན་མི། སྤྱི་ལོ1990ལོར་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་དོ་རྒྱ་ཡུལ་ཚོ་རུ་སྐྱེས། སྔ་ཕྱིར་རིག་གཞུང་དུས་དེབ་ཁག་ཏུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔྱད་རྩོམ24སྤེལ་ཞིང་། བོད་ལུགས་གསོ་བ་རིག་པའི་གཞུང་གི་གཉན་རིམས་གསོ་བའི་སྨན་སྦྱོར་ཞིབ་འཇུག་སོགས་ལས་གཞིའི་རྣམ་གྲངས2ལ་གཙོ་འགན་ཁུར་ཏེ་ལེགས་པར་གྲུབ་པ་དང་། བརྩམས་ཆོས་ལ«བོད་ཀྱི་གསོ་བ་རིག་པའི་དཀའ་གནད་ལས་བཏོན་པའི་དྲི་བ་དྲིས་ལན་འཚོ་བྱེད་འཕྲུལ་གྱི་ལྡེ་མིག»ཅེས་པ་སོགས་བརྩམས་བསྒྲིགས་བསྒྱུར་གསུམ་གྱི་པོད11ཡོད་ལ། ཀྲུང་གོའི་ནུབ་རྒྱུད་ཀྱི་སྐབས་ཉེར་དྲུག་པའི་ཕུལ་བྱུང་ཚན་རྩལ་དཔེ་སྐྲུན་བྱ་དགའ་སོགས་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།