འཇུ་སྐལ་བཟང་གི་དེབ་གསར«སྲིད་པ་དཔེའི་འཇིག་རྟེན»པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-17
ཀློག་གྲངས།:
ཉེ་ཆར། བོད་ཀྱི་རྩོམ་པ་པོ་གྲགས་ཅན་འཇུ་སྐལ་བཟང་ལགས་ཀྱིས་བརྩམས་པའི«སྲིད་པ་དཔེའི་འཇིག་རྟེན»ཞེས་པའི་དེབ་གསར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
འཇུ་སྐལ་བཟང་གིས་བརྩམས་པའི«སྲིད་པ་དཔེའི་འཇིག་རྟེན»ཏེ་སྐད་ཆ་དང་སྙན་ངག་གི་གབ་འགྲེལ་ཞེས་པའི་དེབ་འདི་ནི་མགོ་ནས་མཇུག་བར་དཔེ་ཞེས་པའི་དོན་ནམ་ཐ་སྙད་ཀྱི་རྒྱུན་མ་ལྷོད་མེད་དུ་དེད་ཅིང་སྐད་ཆ་དང་སྙན་ངག་གི་གནད་དུ་མ་ལ་དམ་དུ་འབྲེལ་ནས་ཅུང་ཟད་ཕྲ་རྒྱས་སུ་དཔྱད་པའི་དེབ་ཅིག་སྟེ། རྩོམ་པ་པོ་ཁོང་ཉིད་སྐད་ཡིག་སྙན་ངག་ལ་མོས་འདུན་ཆེ་ཞིང་། ཤིན་ཏུ་སྔ་བའི་དུས་ནས་བོད་ཀྱི་སྐད་ཆ་དང་སྙན་ངག་གི་དཔྱད་རིམ་ཞིབ་འཇུག་པའི་བསླབ་འཕང་བདག་གིར་བྱས་ལ། སྙན་ངག་རྩོམ་འབྲིའི་ལག་ལེན་མང་དུ་བགྱིད་པའི་ཉམས་མྱོང་གི་རྨང་གཞིའི་སྟེང་། ད་རེབ་གཙོ་བོ་དཔེ་ཞེས་པའི་གོ་དོན་དང་དཔེར་འགོད་པའི་དགོས་པ། དཔེའི་རྣམ་གྲངས་དང་དཔེའི་སྐོར་གྱི་ཕྱི་ནང་གི་གཞུང་ལུགས། མིང་ཚིག་བརྗོད་པའི་རིམ་པ་ལྟར་གྱི་སྐད་ཆ་དང་དེ་དང་དབྱེར་མེད་གཅིག་ཏུ་འབྲེལ་བའི་དཔེ་དང་དཔེའི་གནས་སྟངས་དང་ངང་ཚུལ། སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་གཉིས་སུ་ཕྱེ་ནས་དེ་དག་དང་དཔེའི་བར་གྱི་མི་ཤིགས་པའི་འབྲེལ་བ་སོགས་བྱེ་བྲག་ཏུ་བརྗོད་པ་ཞིག་གོ །
དེ་ཡང་རང་གཞན་གནའ་དེང་ཕྱི་ནང་གི་འབྲེལ་ཡོད་དཔྱད་ཡིག་མི་ཉུང་ཙམ་ལས་ཁུངས་བཙལ་ཅིང་། དཔྱད་པོ་རང་ངོས་ཀྱི་བསྡུར་དཔྱད། འཚོལ་བརྟག དབྱེ་ཞིབ། སྡོམ་ཚིག་སོགས་འོས་བསྟུན་དགོས་ངེས་སུ་འབྱུང་བས་ལུང་དང་རིགས་པ་ཡ་མ་བྲལ་བར་ཡོད་པ། རིག་པའི་གཤིས་ལུགས་ཅུང་ཟད་ཟབ་བརླིང་གསང་བའི་ཡུལ་ལ་བརྟག་མྱུལ་དཔག་ཞིབ་མི་དམན་པ་དང་། མཐོང་ཐོས་གོ་རིག་གི་པདྨོ་ཁ་མ་ཟུམ་པར་བོད་ནས་རྒྱ་རྒྱ་གར་དང་། ནུབ་གླིང་ཚུན་གྱི་རིག་གནས་ལ་དཔེ་ལྟོས་འགྲེས་འགེབ་ཅི་རིགས་བྱས་པས་དཔྱད་པ་ཟབ་ལ་ཐོས་པ་རྒྱས་ཙམ་གྱི་ཚུལ་འཛིན་པ། བརྗོད་བྱ་ཕུན་ཚོགས་ཀློང་ཡངས་ཟབ་ཚད་ཀྱིས་མ་དབུལ་ཞིང་། རྗོད་བྱེད་བག་གྲོལ་ཤུགས་འབྱུང་གི་ཉམས་དང་ལྡན་པ་ལ་དཀའ་གནས་གནད་འབྱིན་དང་གཏིང་རིམ་དམྱུགས་འདོན་གྱི་སྙུག་རྩེ་མི་བརྟུལ་པ་སོགས་ཀྱི་ཁྱད་ཆོས་མང་ཙམ་བདོ་བས། འདི་ཕྱོགས་ཀྱི་ཞིབ་འཇུག་བྱ་བ་མདུན་འདེད་གཏིང་འཇུག་ཐད་རིན་ཐང་མི་དམན་ཅིང་། ཆད་སྐོང་ཁ་གསབ་ཅི་རིགས་ཀྱང་ཡོད་ངེས་པ་དང་། ཁྱད་པར་གནས་འདིར་མོས་མཐུན་བློ་གསལ་ན་གཞོན་དག་ལ་བློ་འབྱེད་གོ་སྐོན་གང་རུང་གི་བྱེད་ལས་ཅན་དུ་ཡོད་པར་དཔག་གོ །
འབྲེལ་ཡོད་འོས་སྦྱོར།